ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2020-03-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས10ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། རིམས་ནད་ཀྱི་ཤུགས་རྐྱེན་ལ་ཁ་གཏད་གཅོག་པ་དང་། ཕྱི་ཚོང་དང་ཕྱི་རྒྱལ་གྱི་མ་དངུལ་བརྟན་པོ་ཡོང་བའི་བྱེད་ཐབས་གསར་པ་གཏན་འཁེལ་བྱས་ཤིང་། ཐོན་ལས་སྦྲེལ་ཐག་དང་མ་དངུལ་སྦྲེལ་ཐག་སྔར་ལས་བདེ་བགྲོད་ཐུབ་པ་དང་ལྷུ་ཚིགས་སོ་སོ་མཐུན་སྦྱོར་ངང་བསྐྱར་འགོ་ཚུགས་རྒྱུར་སྐུལ་འདེད་གཏོང་རྒྱུ་བཀོད་སྒྲིག་བྱས་པ་དང་། ཆེད་སྤྱོད་དངུལ་བུན་བསྐྱར་གཏོང་གི་སྲིད་ཇུས་དེ་ལས་ལེགས་པོའི་སྒོ་ནས་འདོན་སྤེལ་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མཁོ་སྤྲོད་འགན་ལེན་དང་ཁེ་ལས་འཕེལ་རྒྱས་ཐད་དཀའ་ངལ་སེལ་བར་རྒྱབ་སྐྱོར་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

 ཚོགས་འདུའི་ཐོག་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་གཞིར་བཟུང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བར་ངེས་པར་དུ་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། ཐབས་མང་མཉམ་སྤྱོད་ཀྱིས་ཕྱི་ཚོང་དང་ཕྱི་ཕྱོགས་མ་དངུལ་བརྟན་པོ་ཡོང་བར་བྱེད་དགོས།  གཅིག་ནི“མཐོ་གཉིས་ཁུངས་གཅིག”ཕུད་ཁྲལ་དངུལ་ཕྱིར་སློག་འདང་མེད་པའི་ཕྱིར་གཏོང་ཐོན་རྫས་ཚང་མར་དུས་ཐོག་ཏུ་ཁྲལ་དངུལ་ཕྱིར་སློག་འདང་ངེས་བྱ་དགོས། གཉིས་ནི་དངུལ་རྩའི་ལས་ཁུངས་ལ་ཁྲིད་སྟོན་བྱས་ནས་ཕྱི་ཚོང་གི་ཡིད་རྟོན་དངུལ་བུན་གཏོང་ཤུགས་ཆེ་རུ་བཏང་སྟེ། དངུལ་བུན་དུས་འགྱངས་དང་མ་སྐྱེད་འཇལ་སྤྲོད་སོགས་ཀྱི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ཏེ་རིམས་ནད་ཀྱི་ཤུགས་རྐྱེན་ཆེ་བ་དང་མདུན་ལམ་ལེགས་པའི་ཕྱི་ཚོང་ཁེ་ལས་ཆུང་འབྲིང་ལ་གྲོས་མོལ་བྱས་རྗེས་སླར་ཡང་དུས་འགྱངས་བྱས་ཆོག  གསུམ་ནི་ཚོང་ལས་འགན་བཅོལ་ཀུང་སིས་དུས་ཐུང་ནང་ཕྱིར་གཏོང་ཡིད་རྟོན་འགན་བཅོལ་ལས་སྒོ་གཉེར་རྒྱུར་རྒྱབ་སྐྱོར་བྱེད་པ་དང་གྲོན་ཚད་དམའ་རུ་གཏོང་དགོས། བཞི་ནི་དཔྱིད་དུས་ཀྱི་ཀོང་ཀྲོའུ་ཉོ་ཚོང་ཚོགས་འདུའི་གྲ་སྒྲིག་ལས་དོན་ཡག་པོ་བསྒྲུབས་ནས་ཕྱི་ཕྱོགས་ཚོང་དོན་མཉམ་ལས་ལ་སྐུལ་འདེད་ཤུགས་ཆེར་གཏོང་དགོས། ལྔ་ནི་ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་འཇོག་པར་བཀག་རྒྱའི་གསལ་ཐོ་སྔར་བས་ཉུང་དུ་གཏོང་དགོས། ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་འཇོག་པའི་ཐོན་ལས་ཀྱི་དཀར་ཆག་རྒྱ་ཆེར་བཏང་ནས་ཁྱབ་ཁོངས་དེ་ལས་མང་བའི་ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་འཇོག་པར་ཁྲལ་བསྡུ་སོགས་པའི་འབྲེལ་ཡོད་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་ཐུབ་པར་བྱ་དགོས། དྲུག་ནི་ཉེ་དུས་བཏོན་པའི་ཁྲལ་རིན་གཉིས་གཅོག་སོགས་ཁེ་ལས་འཕེལ་རྒྱས་ཀྱི་དཀའ་ངལ་སེལ་བའི་སྲིད་ཇུས་ཐད་རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་ཀྱིས་འདྲ་མཉམ་ངང་ལོངས་སྤྱོད་ཐུབ་པར་འགན་ལེན་བྱེད་དགོས།

 ཚོགས་འདུའི་ཐོག་བསྟན་དོན། ཉེ་དུས་འབྲེལ་ཡོད་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བླང་བྱ་གཞིར་བཟུང་། དངུལ་རྩའི་ལས་ཁུངས་ལ་ཁྲིད་སྟོན་གྱིས་ཆེད་སྤྱོད་དངུལ་བུན་བསྐྱར་མ་སྒོར་དུང་ཕྱུར3000དང་དངུལ་བུན་བསྐྱར་མ་སྒོར་དུང་ཕྱུར5000གཏོང་རྒྱུའི་སྲིད་ཇུས་ལག་བསྟར་བྱས་ཏེ།གཟིགས་སྐྱོང་སྐྱེད་ཚད་ཀྱི་མ་དངུལ་ཐོག་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དངོས་ཟོག་མཁོ་སྤྲོད་འགན་ལེན་དང་། ཞིང་ལས་དང་ཁེ་ལས། ལྷག་པར་དུ་ཁེ་ལས་ཆུང་བའི་ལས་འགོ་བསྐྱར་ཚུགས་བྱ་རྒྱུར་རྒྱབ་སྐྱོར་བྱས་ཡོད། 

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། ཉེ་དུས་བཏོན་པའི་སྲིད་ཇུས་སོ་སོ་དོན་འཁྱོལ་ཡག་པོ་བྱས་ཏེ། ཧུར་ཐག་གིས་རིམས་ནད་ཀྱི་ཤུགས་རྐྱེན་ཆུང་རུ་གཏོང་བ་དང་དུས་མཚུངས་སུ་བཅོས་བསྒྱུར་སྔར་ལས་གཏིང་ཟབ་ཏུ་གཏོང་བ།  སྒོ་འབྱེད་རྒྱ་ཆེར་གཏོང་བའི་བྱེད་ཐབས་ལ་ཞིབ་འཇུག་བྱ་རྒྱུར་དམ་འཛིན་བྱས་ཏེ་ཁྲོམ་རའི་གསོན་ཤུགས་དེ་བས་ནུས་ལྡན་ངང་འཕེལ་བ་དང་། ནང་མཁོ་རྒྱ་ཆེར་གཏོང་བ། སྒུལ་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། “གློད་སྡོམ་ཞབས་གསུམ་”གྱི་བཅོས་བསྒྱུར་དང་། “དྲ་སྦྲེལ+”གཉིས་གཏོད་སོགས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་བྱེད་སྒོ་གསར་སྤེལ་དང་སྟབས་བསྟུན་ལས་ཞུགས་ལ་གོ་སྐབས་མང་པོ་མཁོ་འདོན་བྱས་ནས་ལས་ཞུགས་ཀྱི་སྤྱི་ཡོངས་བརྟན་པོ་ཡོང་བ་བྱེད་དགོས། ། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།