ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྡོམ་རྐྱེན་སྲོལ་གྱིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས9ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྡོམ་རྐྱེན་སྲོལ་གྱིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ་རིམས་ནད་བྱུང་བའི་གནས་ཚུལ་གསར་བ་དང་དེ་མིན་སྦྲག་སྲིད་མྱུར་སྐྱེལ་ལས་རིགས་ཀྱིས་རིམས་ནད་འགོག་བཅོས་དང་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱེད་པར་ཞབས་ཞུ་སྒྲུབ་པའི་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས།

རྒྱལ་ཁབ་སྦྲག་སྲིད་ཅུའུ་ཡིས་མཚམས་སྦྱོར་བྱས་དོན། ཟླ2པའི་ཚེས7ཉིན་སྦྲག་སྲིད་མྱུར་སྐྱེལ་ལས་རིགས་ཀྱི་ལས་ཀ་དང་ཐོན་སྐྱེད་བྱ་བ་སྒྲུབ་འགོ་བརྩམས་པའི་ཚུན་ལ།  མིག་སྔར་བཟོ་བ་ས་ཡ་གསུམ་ཙམ་ཡང་བསྐྱར་ཞབས་ཕྱིའི་ལས་གནས་སུ་ཞུགས་ཤིང་ལས་གནས་སུ་ཞུགས་ཚད་བརྒྱ་ཆའི་གོ་གཉིས་ལྷག་ལ་བསླེབས་པ་དང་། ཉིན་རེར་སྦྲག་རྫས་དུང་ཕྱུར་གཅིག་དང་བྱེ་བ་དྲུག་ལྷག་ཐག་གཅོད་བཞིན་ཡོད་ལ། ཐོན་སྐྱེད་སླར་གསོ་བྱས་ཚད་བརྒྱ་ཆའི་བརྒྱད་ཅུ་ལས་བརྒལ། ཟླ་གསུམ་པའི་ཟླ་དཀྱིལ་བར་དུ་ཧུའུ་པེ་ས་ཁུལ་ལས་གཞན་པའི་སྦྲག་སྲིད་མྱུར་སྐྱེལ་ལས་རིགས་ཕལ་ཆེར་སླར་གསོ་བྱེད་ངེས་ཡིན་ཟེར། ཀྲུང་གོ་སྦྲག་སྲིད་སྡེ་ཚོགས་ཚད་ཡོད་ཀུང་ཟིས་མཚམས་སྦྱོར་བྱས་དོན། ཟླ་དང་པོའི་ཚེས་ཉེར་གསུམ་གྱི་ཚུན་ལ། ཀྲུང་གོ་སྦྲག་སྲིད་སྡེ་ཚོགས་ཧུའུ་པེ་ཡན་ལག་ཀུང་ཟིས་དཀའ་ཁག་སྣ་ཚོགས་ཁྱད་དུ་སེལ་ཏེ། བསྡོམས་པས་སྡོད་དམངས་ཀྱི་སྦྲག་རྫས་ས་ཡ་གསུམ་དང་འབུམ་གསུམ་ཁྲི་ལྔ་ལྷག་ཐག་གཅོད་བྱས་ཤིང་། མིག་སྔར་ཉིན་རེར་སྦྲག་རྫས་འབུམ་གསུམ་ལྷག་མྱུར་སྐྱེལ་བྱས་པས། ཧུའུ་པེ་ཞིང་ཆེན་གྱི་སྦྲག་སྲིད་ལས་རིགས་ཀྱི་མྱུར་སྐྱེལ་བྱ་བ་འགན་སྲུང་བྱས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།