ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཁེ་ཆང་གིས་ཀྲུང་དབྱང་གིས་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་འགོ་ཁྲིད་ཚོ་ཆུང་གི་གྲོས་ཚོགས་གཙོ་སྐྱོང་གནང་བ་དང་། ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་གནང་བ།

ཡོང་ཁུངས། : ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།     སྤེལ་དུས། : 2020-03-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས༥ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་གི་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་འགོ་ཁྲིད་ཚོ་ཆུང་གི་ཚོགས་གཙོ་ལི་ཁེ་ཆང་གིས་འགོ་ཁྲིད་ཚོ་ཆུང་གི་གྲོས་ཚོགས་གཙོ་སྐྱོང་གནང་ཡོད། ཀྲུང་གུང་ཀྲུང་དབྱ་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གི་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་འགོ་ཁྲིད་ཚོ་ཆུང་གི་ཚོགས་གཙོ་གཞོན་པ་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་ཡོད་པ་རེད།

ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་དང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་ནན་ཏན་བྱས་ནས། ཀྲུང་དབྱང་གི་རིམས་ནད་ལ་ཁ་གཏད་གཅོག་པའི་འགོ་ཁྲིད་ཚོ་ཆུང་གི་བླང་བྱ་གཞིར་བཟུང་། ཐོག་མཐའ་བར་གསུམ་དུ་གཟབ་ནན་བྱེད་པ་དང་། གནད་འཕིགས་ནུས་ལྡན་ངང་རིམས་ནད་ལ་སྔོན་འགོག་ཚོད་འཛིན་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། འཐབ་ས་མདུན་མར་ཡོད་པའི་སྨན་དོན་མི་སྣར་སེམས་འཁུར་དང་གཅེས་སྐྱོང་བྱེད་པའི་བྱ་ཐབས་དོན་འཁྱོལ་བྱེད་པ་དང་། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་ལེན་བྱེད་པ། གོ་རིམ་ལྡན་པའི་སྒོ་ནས་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱས་ནས། དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་སྟོན་ཡོད་པ་དང་།

ཚོགས་འདུའི་ཐོག མུ་མཐུད་ནས་ཝུའུ་ཧན་དང་ཧུའུ་པེ་དེ་གཉིས་གཙོ་གནད་ནང་གི་གཙོ་གནད་དུ་རྩིས་ནས། ནུས་ཤུགས་ཡོད་རྒུས་ནད་གཞི་ལྕི་བའི་ནད་པ་སྐྱོབ་བཅོས་བྱེད་དགོས་པ་དང་། ནད་གཞིས་རྐྱེན་པས་འཆི་ཚད་དམའ་རུ་འགྲོ་བ་བྱེད་དགོས། དུས་ཐོག་ཏུ་རིམས་ནད་ཀྱི་ཆ་འཕྲིན་ངོ་མ་གསལ་བསྒྲགས་བྱས་ནས། སྙན་ཞུ་བྱེད་སྐབས་སྦ་གསང་དང་ཆད་ལུས་མེད་པ་བྱེད་དགོས། པེ་ཅིང་སོགས་སྔོན་འགོག་དང་ཚོད་འཛིན་བྱེད་པའི་གཙོ་གནད་ས་ཁུལ་དུ་སྡེ་ཁུལ་དང་། འགྲོ་ལམ། འགག་སྒོ་བཅས་ལ་དོ་དམ་ཚོད་འཛིན་ནན་པོ་བྱེད་པ་དང་། འདུ་འཛོམས་རང་བཞིན་དང་། ནང་འདྲེན་རང་བཞིན་གྱི་ནད་དུག་འགོས་རྒྱུར་སྔོན་འགོག་ཚོད་འཛིན་བྱེད་དགོས་ཞེས་ནན་བཤད་བྱས་ཡོད།

ཚོགས་འདུའི་ཐོག སྨན་དོན་མི་སྣར་སེམས་འཁུར་དང་གཅེས་སྐྱོང་བྱེད་པའི་བྱ་ཐབས་དོན་འཁྱོལ་བྱེད་དགོས་པ་དང་། འབྲེལ་ཡོད་ཀྱི་ཁ་གསབ་དང་ཁ་གསབ་རོགས་དངུལ་དུས་ཐོག་ཏུ་སྤྲོད་དགོས། ནད་པ་དང་ཐད་ཀའི་འབྲེལ་འདྲེས་ཡོད་པའི་འཐབ་ས་མདུན་མའི་སྨན་དོན་མི་སྣ་དང་ལྷག་པར་དུ་ནད་གཞི་ལྕི་བར་སྐྱོབ་བཅོས་བྱེད་མཁན་གྱི་སྨན་དོན་མི་སྣར་ཕྱོགས་ལྷུངས་བྱ་དགོས། སྲིད་འཛིན་གྱི་རིམས་པ་གཞིར་བཟུང་ཁ་གསབ་སྤྲོད་པའི་ཚད་གཞི་གཏན་འཁེལ་བྱེད་རྒྱུ་མེད། སྨན་དོན་མི་སྣ་ནས་རེས་མོས་སུ་ངལ་གསོ་བྱེད་སྐབས་ཁོང་ཚོའི་བྱ་དགའ་དང་། གུང་གསེང་སོགས་ཀྱི་ཐོབ་ཆ་ལ་ཤུགས་རྐྱེན་ཐེབས་རྒྱུ་མེད། ཧུའུ་པེ་དང་ཝུའུ་ཧན་གྱིས་སྟོབས་ཤུགས་གཅིག་ཏུ་འདུས་ནས་ཏོག་གསར་གློ་ཚད་རིམས་ནད་ཕོག་པའི་ནད་པར་སྐྱོབ་བཅོས་བྱེད་པ་དང་ཆབས་ཅིག རྒྱུན་ལྡན་གྱི་དོས་དྲག་སྨན་བཅོས་དང་། སྨན་ཁང་དུ་སྡོད་པ། སྐྱོབ་བཅོས་སོགས་ཀྱི་སྨན་བཅོས་ཞབས་ཞུ་ཡག་པོ་སྒྲུབ་དགོས་ཞེས་ནན་སྟོན་བྱས་ཡོད།

ཚོགས་འདུའི་ཐོག ས་གནས་ཁག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་རིང་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་ལེན་བྱེད་དགོས་པ་དང་། དུས་ཐོག་ཏུ་མ་མཐའི་འཚོ་བརྟེན་འགན་སྲུང་གི་དངུལ་དང་། དམིགས་བསལ་གྱི་དཀའ་ངལ་ཡོད་པའི་འཚོ་བརྟེན་དངུལ་སོགས་ཚང་མ་སྤྲོད་དགོས། ནད་རྟགས་གཏན་འཁེལ་བྱུང་བའི་དཀའ་ངལ་ཡོད་པའི་མང་ཚོགས་དང་ལྷག་པར་དུ་ཁྱིམ་ཚང་དུ་མི་སྣ་འདས་གྲོངས་སོང་བ་ལ། སྐབས་འཕྲལ་གྱི་རོགས་སྐྱོབ་བྱེད་དགོས། འགྲིམ་འགྲུལ་དོ་དམ་ཚོད་འཛིན་སོགས་རྒྱུ་རྐྱེན་གྱིས་རྐྱེན་པས་རང་སར་ལུས་པ་དང་། གནས་སྐབས་དཀའ་ངལ་འཕྲད་པའི་ཕྱི་ནས་ཡོང་བའི་མི་སྣ་རྣམས་ལ་བཟས་སྡོད་སོགས་ཀྱི་རོགས་སྐྱོར་བྱེད་དགོས། འཚོ་བར་རང་རྒྱ་མི་འཕེར་བ་དང་། ལྟ་རྟོག་བྱེད་མཁན་མེད་པའི་རྒན་རྒོན་དང་བྱིས་པ། ནད་པ། དབང་པོ་སྐྱོན་ཅན་སོགས་ཀྱི་མི་སྣར་ལྟ་སྐྱོང་བྱ་རྒྱུ་བཀོད་སྒྲིག་བྱེད་དགོས་པའི་བླང་བྱ་སྟོན་ཡོད།

འགོ་ཁྲིད་ཚོ་ཆུང་གི་ཁོངས་མི་ཏིང་ཞོལ་ཞང་དང་། ཧོང་ཁུན་མིང་། ཚའེ་ཆི། ཝང་དབྱིས། ཤའོ་ཅེ། ཀྲའོ་ཁེ་ཀྲི་སོགས་ཚོགས་འདུར་ཞུགས་ཡོད་པ་རེད།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།