ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2020-03-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ3པའི་ཚེས3ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ།  “བརྟན་པོ་དྲུག”གི་ལས་དོན་མཐུན་སྦྱོར་ལམ་སྲོལ་བཀོད་སྒྲིག་དང་འཐུས་ཚང་དུ་བཏང་ནས། རིམས་ནད་ཀྱི་ཤུགས་རྐྱེན་ལ་ཁ་གཏད་ནུས་ལྡན་གྱིས་དཔལ་འབྱོར་སྤྱི་ཚོགས་བརྟན་པོའི་ངང་འཁོར་སྐྱོད་ཐུབ་རྒྱུར་སྐུལ་འདེད་བཏང་བ། འགྲིམ་འགྲུལ་སྐྱེལ་འདྲེན་དང་མྱུར་སྐྱེལ་སོགས་དངོས་ཟོག་སྐྱེལ་འདྲེན་ལས་རིགས་ཀྱི་དཀའ་གནད་སེལ་ནས་མགྱོགས་མྱུར་ངང་སླར་གསོ་དང་། འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་བྱ་ཐབས་གཏན་འཁེལ་བྱ་རྒྱུ། ས་གནས་ནོར་སྲིད་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་གཞི་རྩའི་དམངས་འཚོ་འགན་སྲུང་དང་། གླ་ཕོགས་འགན་སྲུང་། འཁོར་སྐྱོད་འགན་སྲུང་བཅས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུའི་གཏན་འབེབས་བྱས་པ་རེད།

 ཚོགས་འདུའི་ཐོག་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་གཞིར་བཟུང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བར་ངེས་པར་དུ་དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་ལས་ཞུགས་བརྟན་པོ་དང་། དངུལ་རྩ་བརྟན་པོ། ཕྱི་ཚོང་བརྟན་པོ། ཕྱི་རྒྱལ་གྱི་མ་དངུལ་བརྟན་པོ། མ་དངུལ་འཇོག་པ་བརྟན་པོ། སྔོན་དཔག་བརྟན་པོ་བཅས་ཀྱི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་སྟེ།  དེ་བས་ལེགས་པོའི་སྒོ་ནས་རིམས་ནད་ཀྱིས་དཔལ་འབྱོར་འཁོར་སྐྱོད་ཀྱི་ཤུགས་རྐྱེན་ལ་ཁ་གཏད་གཅོག་དགོས།  སྤྱི་ཁོག་གི་སྲིད་ཇུས་དང་། ཕྱི་ཕྱོགས་ཚོང་དོན་དང་ཕྱིའི་མ་དངུལ། དངུལ་རྩ་བརྟན་པོ་མཐུན་སྦྱོར་བྱེད་པའི་ལམ་སྲོལ་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་།  དུས་ཐོག་ཏུ་ནུས་ལྡན་གྱི་ཁ་གཏད་གཅོག་ཐབས་འདོན་པ། ནང་སྐྱེས་སྒུལ་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ཧུར་ཐག་གིས་ལོ་ཧྲིལ་པོའི་དཔལ་འབྱོར་འཁོར་རྒྱུག་ལུགས་མཐུན་གྱི་བར་མཚམས་སུ་རྒྱུན་འཁྱོངས་བྱ་དགོས། 

ཚོགས་འདུའི་ཐོག་བསྟན་དོན། འགྲིམ་འགྲུལ་སྐྱེལ་འདྲེན་དང་དངོས་ཟོག་སྐྱེལ་འདྲེན་ལས་རིགས་མགྱོགས་མྱུར་གྱིས་ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ་བྱ་རྒྱུར་སྐུལ་འདེད་བཏང་ནས་བརྟན་པོའི་ངང་འཕེལ་རྒྱས་བཏང་ཚེ། རིམས་ནད་སྔོན་འགོག་ཚོད་འཛིན་ལ་ནུས་ལྡན་གྱིས་འདེགས་སྐྱོར་འདོན་སྤྲོད་ཐུབ་ལ། དཔལ་འབྱོར་འཁོར་རྒྱུག་ཤར་གཏོང་ཐུབ་པ། དམངས་འཚོའི་དགོས་མཁོ་སྐོང་ཐུབ། དེར་བརྟེན། གཅིག་ནས་ཁག་བགོས་དང་། རིམ་དབྱེ། གོ་རིམ་ལྡན་པ་བཅས་ཀྱི་སྒོ་ནས་འབྲེལ་ཡོད་ཁེ་ལས་ཀྱི་ལས་འགོ་བསྐྱར་ཚུགས་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ་ལུགས་དང་མི་མཐུན་པའི་ལས་འགོ་བསྐྱར་ཚུགས་ཀྱི་ཞིབ་མཆན་མེད་པར་བཟོ་དགོས་པ་དང་། ལས་ཀར་མཁོ་བའི་ཁ་རས་སོགས་རིམས་འགོག་དངོས་རྫས་འགན་སྲུང་ཡག་པོ་བྱ་དགོས། ས་གནས་སོ་སོས་སྦྲག་ཁང་དང་མྱུར་སྐྱེལ་ཁེ་ལས་ལ་ཕྱོགས་རིས་མེད་པའི་ཤར་བགྲོད་སྟབས་བདེ་བསྐྲུན་ནས་ཤང་གྲོང་དང་སྡེ་བའི“མཐའ་མའི་སྤྱི་ལེ་གཅིག”ཤར་བགྲོད་དང་སྐྱེལ་སྤྲོད་ཀྱི་འགོག་རྐྱེན་སེལ་རྒྱུར་སྐུལ་འདེད་བཏང་སྟེ། ནུས་ལྡན་གྱི་སྦྲག་སྐྱེལ་སྒྲིག་བཀོད་སོགས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱིའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཁྱབ་ཁོངས་ནང་འཇུག་དགོས། གཉིས་ནས་དུས་མཚམས་རང་བཞིན་གྱི་ཁྲལ་རིན་གཅོག་པའི་བྱེད་ཤུགས་ཆེ་རུ་གཏོང་དགོས། དུས་ཡུན་ངེས་ཅན་ཞིག་གི་ནང་མུ་མཐུད་དུ་ལོ་སྔོན་མའི་མཇུག་ཏུ་དུས་བཀག་གཙང་བའི་ཚོང་ཟོག་འབོར་ཆེན་མཛོད་ཉར་དུ་སྤྱོད་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་ས་ཞིང་བཀོལ་སྤྱོད་དཔྱ་ཁྲལ་ཕྱེད་ཀ་ལས་མི་བསྡུ་བའི་སྲིད་ཇུས་ལག་བསྟར་བྱ་དགོས། ཟླ3པའི་ཚེས1ཉིན་ནས་ཟླ6པིའ་ཚེས30ཉིན་བར། ཕྱིར་གཏོང་དང་ནང་འདྲེན་དངོས་ཟོག་གྲུ་ཁའི་འཛུགས་སྐྲུན་མ་དངུལ་དང་། དངོས་ཟོག་གྲུ་ཁའི་ལས་དོན་མ་དངུལ། གྲུ་ཁའི་སྒྲིག་བཀོད་ཀྱི་བདེ་སྲུང་མ་དངུལ་སོགས་སྲིད་གཞུང་གིས་རིན་གོང་གཏན་འཁེལ་བྱེད་པའི་རིན་དངུལ་བསྡུ་བའི་ཚད་གཞི་བརྒྱ་ཆ20དམའ་རུ་གཏོང་རྒྱུ་དང་། སྣུམ་གྲུ་མིན་པའི་ཟོག་འདྲེན་གྲུ་གཟིངས་ཀྱིས་འཕྲལ་བསྟུན་དང་ལེན་ཞབས་ཞུ་དང་དེ་གླ་ཡོན་མེད་པར་བཟོ་རྒྱུ་རེད། 

ཚོགས་འདུའི་ཐོག་བསྟན་དོན། གཞི་རིམ་སྲིད་གཞུང་གིས་གཞི་རྩའི་དམངས་འཚོ་འགན་སྲུང་དང་། གླ་ཕོགས་འགན་སྲུང་། འཁོར་སྐྱོད་འགན་སྲུང་བཅས་ལ་རྒྱབ་སྐྱོར་བྱ་རྒྱུ་ནི་མང་ཚོགས་ཀྱི་ཁེ་ཕན་འགན་ལེན་བྱེད་པའི་གཞི་རྩའི་བླང་བྱ་ཡིན་ལ། སྲིད་གཞུང་གིས་འགན་འཁྲི་སྒྲུབ་པ་དང་སྲིད་ཇུས་ཁག་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་བའི་རྨང་གཞིའི་ཆ་རྐྱེན་ཡང་ཡིན། ཚོགས་འདུའི་ཐོག་གཅིག་ནས་དུས་མཚམས་རང་བཞིན་གྱི་སྒོ་ནས་ས་གནས་ནོར་སྲིད་ཀྱི་ཉར་འཇོག་གི་བསྡུར་ཚད་མཐོ་རུ་གཏོང་རྒྱུ་དང་། ཟླ3པའི་ཚེས1ཉིན་ནས་ཟླ6པའི་ཟླ་མཇུག་བར། ཞིབ་བཤེར་གཏན་འཁེལ་བྱས་པའི་ཞིང་ཆེན་སོ་སོའི་ལོ་དེའི་ཉར་འཇིག་གི་བསྡུར་ཚད་ཀྱི་རྨང་གཞིའི་ཐོག་གཅིག་གྱུར་གྱི་བརྒྱ་ཆའི་གྲངས5མཐོ་རུ་ཕྱིན་པ་དང་། ཉར་འཇོག་མ་དངུལ་སྒོར་དུང་ཕྱུར1100ཙམ་མང་དུ་ཕྱིན་ནས་ཚང་མ་རྫོང་རིམ་པར་བེད་སྤྱོད་བྱ་རྒྱུར་བཞག་ཡོད། གཉིས་ནི་སྤོ་སྒྱུར་གཏོང་སྤྲོད་མ་དངུལ་མགྱོགས་མྱུར་གཤམ་སྤྲོད་བྱས་ནས་ས་གནས་སོ་སོས་རིམས་ནད་སྔོན་འགོག་ཚོད་འཛིན་དང“འགན་ལེན་གསུམ”གྱི་འགྲོ་སོང་དུས་ཐོག་ཏུ་འདང་ངེས་བྱེད་དགོས་པ། ཆག་པ་ཡོད་པའི་ས་ཁུལ་ཚང་མས་རྣམ་གྲངས་གཞན་དག་གི་འགྲོ་སོང་ཉུང་འཕྲི་བྱ་དགོས། གསུམ་ནས་སྤྱིར་བཏང་རང་བཞིན་གྱི་འགྲོ་སོང་སྔར་བས་ཉུང་དུ་བཏང་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དགོས་མཁོ་ལས་གཞན། གཏོང་སྤྲོད་འཕར་ཆག་གི་སྲིད་ཇུས་གསར་པ་ཚོད་འཛིན་ནན་པོ་བྱེད་དགོས།

ཚོགས་ཐོག་ནས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།