ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་པ་ཐི་ཐུའུ་ལི་ཀ་དང་གྲོས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1125635659_15828091742731n.jpg

ཟླ2པའི་ཚེས27ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་པ་ཐི་ཐུའུ་ལི་ཀ་དང་གྲོས་མོལ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས27ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་པ་ཐི་ཐུའུ་ལི་ཀ་དང་གྲོས་མོལ་མཛད།

 ཞི་ཅིན་ཕིང་གིས་ཙུང་ཐུང་པ་ཐི་ཐུའུ་ལི་ཀ་ཡིས་མོང་གོལ་རྒྱལ་ཁབ་ཀྱི་སྲོལ་རྒྱུན་དུས་ཆེན་ཏེ་ཟླ་དཀར་དུས་ཆེན་གྱི་ངལ་གསོའི་རྗེས་ཀྱི་ཉིན་དང་པོར་ཀྲུང་གོར་འཚམས་འདྲི་བྱས་པར་དགའ་བསུ་ཞུས་པར་མ་ཟད། མོང་གོལ་རྒྱལ་ཁབ་ཀྱི་མི་དམངས་ལ་དུས་ཆེན་གྱི་ཁམས་འདྲི་གནང་། 

ཞི་ཅིནཕིང་གིས་བསྟན་དོན། དེང་སྐབས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱིས་ནུས་ཤུགས་ཡོད་རྒུ་བཏོན་ནས་ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་འགོག་རྒོལ་བྱེད་བཞིན་པའི་སྒང་ཡིན་ལ། འདིའི་སྐབས་སུ་མོང་གོལ་རྒྱལ་ཁབ་སྲིད་གཞུང་དང་མི་དམངས་ཀྱིས་རིན་ཐང་བྲལ་བའི་རྒྱབ་སྐྱོར་དང་རོགས་རམ་བྱས་པ་རེད། སྐུ་ཞབས་ཙུང་ཐུང་ནི་རིམས་ནད་བྱུང་རྗེས་ཐོག་དང་པོར་ཀྲུང་གོར་འཚམས་འདྲིར་ཡོང་བའི་ཕྱི་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཡིན་ལ། ཆེད་དུ་ཀྲུང་གོར་ཡོང་ནས་འཚམས་འདྲི་དང་རྒྱབ་སྐྱོར་བྱས་པ་དེས་སྐུ་ཞབས་ཙུང་ཐུང་དང་མོང་གོལ་ཕྱོགས་ཀྱིས་ཀྲུང་གོ་དང་མོང་གོལ་གཉིས་ཀྱི་འབྲེལ་བར་མཐོང་ཆེན་ཚད་མཐོན་པོ་དང་ཀྲུང་གོ་མི་དམངས་ལ་བརྩེ་སེམས་ཟབ་མོ་བཅངས་ཡོད་པ་མངོན་པར་མཚོན་ཡོད་པར་མ་ཟད། ཁྱིམ་མཚེས་རྒྱལ་ཁབ་གཉིས་ཀྱིས་སོ་སྲུང་རོགས་རེས་དང་དཀའ་སྡུག་མཉམ་འཁུར་བྱས་པའི་གསོན་ཉམས་ལྡན་པའི་བརྒྱུད་རིམ་མཚོན་པར་བྱས་ཡོད་པས། བདག་གིས་འདིར་ཆེད་དུ་བསྟོད་བསྔགས་བྱས་པ་ཡིན་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཏོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་བའི་ཚུན་ལ་ཀྲུང་གོའི་ཏང་དང་སྲིད་གཞུང་གིས་མཐོང་ཆེན་ཚད་མཐོན་པོ་བྱས་པ་དང་། རྒྱལ་ཁབ་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུས་པར་མ་ཟད། མྱུར་བ་མྱུར་དུ་ཆེས་འཐུས་ཚང་ཡིན་པ་དང་ཆེས་གཟབ་ནན་ཡིན་པ། ཆེས་མངོན་གསལ་ཡིན་པའི་འགོག་བཅོས་བྱེད་ཐབས་སྤྱད་པ་དང་། ང་ཚོས་ཀྲུང་དབྱང་གིས་རིམས་ནད་ལ་ཁ་གཏད་འཇལ་བའི་བྱ་བའི་འགོ་ཁྲིད་ཚན་ཆུང་བཙུགས་ནས། ཀྲུང་དབྱང་གི་མཛུབ་སྟོན་ཚན་ཁག་ཧུའུ་པེ་ལ་མངགས་ཏེ། གཅིག་གྱུར་གྱིས་མཛུབ་སྟོན་དང་གཅིག་གྱུར་གྱིས་མཐུན་སྦྱོར། གཅིག་གྱུར་གྱིས་བཀོད་གཏོང་བྱས་ནས་གང་གསུང་དེ་སྒྲུབ་བྱས་པ་ཡིན། ཀྲུང་གོ་མི་དམངས་ཡོངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པ་བརྒྱུད་ད་ལྟ་རིམས་ནད་འགོག་བཅོས་ཚོད་འཛིན་བྱེད་པའི་རྣམ་པ་ཁྱོན་ཡོངས་ནས་ཇེ་ལེགས་སུ་འགྲོ་བཞིན་ཡོད་ལ། ང་ཚོར་ཐེངས་འདིའི་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལས་རྣམ་པར་རྒྱལ་ཐུབ་པར་ཡིད་ཆེས་དང་ནུས་པ་ཆེན་པོ་ཡོད་ཟེར།

པ་ཐི་ཐུའུ་ལི་ཀ་ཡིས་མོང་གོལ་རྒྱལ་ཁབ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་བྱས་ཏེ། ཀྲུང་གོ་མི་དམངས་ལ་ཏོག་གསར་གློ་ཚད་ཀྱི་རྐྱེན་ངན་དང་འཕྲད་པའི་ཐད་ནས་འཚམས་འདྲི་བྱས་པར་མ་ཟད། ཀྲུང་གོ་ཕྱོགས་ཀྱིས་མི་གཞི་རྩར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། དུས་ལྟར་མཉམ་འགོག་མཉམ་འཛིན་གྱི་རྐྱེན་སྲོལ་བཙུགས་ནས་རྒྱལ་ཁབ་ཀྱི་གོང་འོག་བར་གསུམ་ཚང་མས་མཐུན་སྒྲིལ་སེམས་གཅིག་སྒོས་རིམས་ནད་ལ་ཁ་གཏད་འཇལ་བའི་ཐད་ནས་ཧུར་བརྩོན་རང་བཞིན་གྲུབ་འབྲས་བླངས་པར་ཡིད་སྨོན་དང་བསྟོད་སྔགས་ཚད་མཐོན་པོ་བྱེད་བཞིན་ཡོད་ཟེར།

པ་ཐི་ཐུའུ་ལི་ཀ་ཡིས་བསྟན་དོན། མོང་གོལ་ཕྱོགས་ཀྱིས་ཉེ་སྔོན་ཀྲུང་གོའི་ཕྱོགས་ལ་ཞལ་འདེབས་ཕུལ་བའི་རྨང་གཞིའི་སྟེང་དུ་ཡང་བསྐྱར་ཀྲུང་གོའི་ཕྱོགས་ལ་སོག་ལུག་ཁྲི་གསུམ་གྱི་ཞལ་འདེབས་ཕུལ་ནས་མོང་གོལ་རྒྱལ་ཁབ་མི་དམངས་ཀྱི་སེམས་འདུན་མཚོན་པར་བྱས་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགྱུར་མེད་འགོ་ཁྲོད་འོག་ཏུ་ཀྲུང་གོ་མི་དམངས་སྔ་མོ་ནས་རིམས་ནད་ཀྱི་གནོད་འཚེ་དང་དཀའ་ཁག་ལས་རྣམ་པར་རྒྱལ་ཏེ། གཏན་འཁེལ་བྱས་པའི་དུས་ཚོད་ནང་དུ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ཡོངས་འགྲུབ་བྱས་ནས་རྒྱལ་བདེ་དམངས་སྐྱིད་མངོན་འགྱུར་བྱེད་ཐུབ་པར་ཡིད་ཆེས་ཡོད་ཟེར།

གྲོས་མོལ་གྱི་རྗེས་སུ་པ་ཐི་ཐུའུ་ལི་ཀ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་མོང་གོལ་ཕྱོགས་ཀྱིས་ཀྲུང་གོར་སོག་ལུག་ཁྲི་གསུམ་ཞལ་འདེབས་སུ་ཕུལ་བའི་དཔང་ཡིག་སྤྲད།

དབྱང་ཅེ་ཁྲི་དང་ཝང་དབྱི། ཧི་ལི་ཧྥིན་སོགས་གྲོས་མོལ་ལ་ཞུགས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།