ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་འགོ་མཛིན་མཛད་དེ་ཀྲུང་དབྱང་གི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ2པའི་ཚེས27ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་གི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིས་ཁི་ཆང་གིས་འགོ་མཛིན་མཛད་དེ་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཝང་ཧུའུ་ཉིང་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ་དང་། ཀྲུང་དབྱང་གི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་བྱ་བའི་འགོ་ཁྲིད་ཚན་ཆུང་གི་བཀོད་སྒྲིག་ལྟར། ནད་པ་ལྕི་མོར་ནད་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ། ཚེ་ལས་འདས་ཚད་ཇེ་ཉུང་དུ་གཏོང་བ། ཧུའུ་པེ་དང་ཝུའུ་ཧན་གྱི་འཚོ་བའི་ངེས་མཁོ་ཐོན་རྫས་མཁོ་འདོན་ལ་འགན་སྲུང་བྱེད་པ། མི་ཚོགས་གཙོ་བོའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ཇེ་ཞིབ་ཏུ་གཏོང་བ། རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་བསྣན་ནས། སྔོན་འགོག་ཚོད་འཛིན་གནས་བབ་ཇེ་ལེགས་སུ་གཏོང་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། ནད་པ་ལྕི་མོའི་ནད་བཅོས་ལ་ཤུགས་སྣོན་རྒྱུ་ནི་མིག་སྔའི་སྔོན་འགོག་ཚོད་འཛིན་ཐད་ཀྱི་འབུར་ཐོན་གཙོ་གནད་ཡིན་པས། ཧུའུ་པེ་དང་ཝུའུ་ཧན་གཉིས་ཀྱིས་སྨན་བཅོས་སྟོབས་ཤུགས་ཀྱི་མི་སྣ་དང་ལས་གནས་ཆ་སྡེབས་མིན་པ་སོགས་ཀྱི་གནད་དོན་ཐག་གཅོད་པར་མཛུབ་སྟོན་ལྟ་སྐུལ་བྱེད་པ་དང་། ཆེད་མཁས་པ་ཆེས་མཁོ་བའི་ལས་རྐང་དུ་མངག་གཏོང་བྱེད་པ། རྒྱལ་ཡོངས་ནས་ནད་རྟགས་སྨན་བཅོས་ཀྱི་སྒྲིག་ཆས་བསྡུ་རུབ་བྱེད་པར་དམ་འཛིན་བྱས་ཏེ། ནད་པ་ཚེ་ལས་འདས་ཚད་ཇེ་ཉུང་དུ་གཏོང་དགོས། ཧུའུ་པེ་དང་ཝུའུ་ཧན་གྱི་འཚོ་བའི་ངེས་མཁོ་ཐོན་རྫས་ཀྱི་མཁོ་འདོན་བཟང་བོར་བསྒྲུབ་ནས། བྱེ་སྣུམ་ཤ་རིགས་དང་སྔོ་ཚལ། སྒོ་ང། སིལ་ཏོག་སོགས་ཀྱི་འདོན་སྤྲོད་འགན་སྲུང་ལ་ཁག་ཐེག་བྱེད་དགོས། ཧུའུ་པེ་དང་ཝུའུ་ཧན་གྱིས་ཆེས་མཐའ་མཇུག་གི་སྤྱི་ལེ་གཅིག་གི་སྐྱེད་འདྲེན་བཟང་བོ་བྱེད་རྒྱུ་དེ་གཞིས་ཁུལ་གྱི་སྔོན་འགོག་ཚོད་འཛིན་ཐད་ཀྱི་བྱ་བ་གལ་ཆེན་དུ་བརྩིས་ནས། སྡོད་དམངས་དང་ཞིང་ཆེན་ཕྱི་ནས་ཡོང་བའི་མི་སྣའི་གཞི་རྩའི་འཚོ་བར་ཁག་ཐེག་བྱེད་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཁུལ་དང་རིམ་པ་བགོས་ནས་སྔོན་འགོག་ཚོད་འཛིན་བྱེད་དགོས། ཁེ་ལས་དང་ལས་དོན་སྡེ་ཁག་གི་ལས་འགོ་བསྐྱར་རྩོམ་དང་ཐོན་སྐྱེད་སླར་གསོ་བྱེད་པའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཕྱོགས་སྟོན་ལག་བསྟར་བྱས་ནས། ལོ་ལོན་དང་བྱིས་པ་སོགས་གཙོ་གནད་མི་ཚོགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཐབས་ཇེ་ཞིབ་ཏུ་གཏོང་དགོས། སློབ་ཆེན་དང་སློབ་གྲྭ་འབྲིང་ཆུང་། བྱིས་གཉོར་ཁང་སོགས་སློབ་འགོ་ཚུགས་པའི་དུས་ཚོད་རྩ་དོན་སྟེང་ནས་མུ་མཐུད་དུ་ཕྱི་བསྣུར་བྱེད་དགོས་ཟེར།

ཚོགས་ཐོག་ནས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་སོགས་བར་གྱི་མཉམ་ལས་ལ་ཤུགས་སྣོན་པ་དང་། སྔོན་འགོག་ཚོད་འཛིན་ཐད་ཀྱི་ཆ་འཕྲིན་དང་བྱེད་ཐབས་མཉམ་སྤྱོད་བྱེད་པ། སྨན་རྫས་དང་འགོག་སྨན་ཞིབ་འཇུག་གསར་སྤེལ་སོགས་ཀྱི་རྒྱལ་སྤྱིའི་མཉམ་ལས་ཁྲོད་ཞུགས་པ། མི་སྣའི་འགྲོ་འོང་ཅུང་མང་བའི་རྒྱལ་ཁབ་ཀྱི་འཕྲོད་བསྟེན་རིམས་འགོག་འཕྲལ་བསྟུན་རྐྱེན་སྲོལ་འཛུགས་པར་སྐུལ་འདེད་གཏོང་བ། རྒྱལ་ཁབ་བརྒལ་བའི་འགྲིམ་འགྲུལ་དང་ཉེན་ཁ་ཆེ་བའི་མི་སྣའི་འགྲོ་འོང་སོགས་ཕན་ཚུན་སྦྲེལ་མཐུད་དང་འོས་འཚམ་གྱི་སྔོན་འགོག་ཚོད་འཛིན་ཚད་གཞི་གཏན་འབེབས་བྱེད་པ། ཐུན་མོང་གི་སྔོན་འགོག་ཚོད་འཛིན་བྱེད་ཐབས་སྤྱོད་པར་མཐུན་སྦྱོར་བྱས་ཏེ། མི་སྣ་རྒྱལ་ཁོངས་བརྒལ་ནས་འགྲོ་འོང་བྱེད་པའི་ཁྲོད་རིམས་ནད་རྒྱ་མཆེད་པར་བཀག་འགོག་བྱེད་དགོས་ཟེར།

འགོ་ཁྲིད་ཚན་ཆུང་གི་ཁོངས་མི་ཏིང་ཞུའེ་ཞང་དང་ཧོང་ཁུན་མེན། ཚའེ་ཅི། ཝང་དབྱི། ཞའོ་ཅེ། ཀྲའོ་ཁི་ཁྲི་བཅས་གྲོས་ཚོགས་ལ་ཞུགས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།