ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཏང་ཡོན་རྣམས་རང་མོས་ངང་ཞལ་འདེབས་འབུལ་བར་མཛུབ་ཁྲིད་ཞབས་ཞུ་ཡག་པོ་བསྒྲུབ་དགོས་ཞེས་བསྟན།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2020-02-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲི་ལྟར། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་བརྡ་ཐོ་བཀྲམ་ནས་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཏང་ཡོན་རྣམས་རང་མོས་ངང་ཞལ་འདེབས་འབུལ་བར་མཛུབ་ཁྲིད་ཞབས་ཞུ་བྱེད་པར་ཤུགས་སྣོན་བརྒྱབ་ནས་ཏོག་གསར་གློ་ཚད་ཀྱི་སྔོན་འགོག་ཚོད་འཛིན་བྱ་བར་རྒྱབ་སྐྱོར་བྱེད་དགོས་ཞེས་བསྟན།

བརྡ་ཐོའི་ནང་ས་ཁུལ་དང་སྡེ་ཁག ལས་ཁུངས་ཁག་གི་ཏང་རྩ་འཛུགས་དང་ཏང་ཨུའུ(ལས་དོན་ཨུ་ལྷན་དང་ཏང་ཙུའུ)ཡིས་མི་དོན་སྡེ་ཁག་རྩ་འཛུགས་བྱས་ཏེ་ཏང་ཡོན་རྣམས་རང་མོས་ངང་ཞལ་འདེབས་འབུལ་བར་མཛུབ་ཁྲིད་ཞབས་ཞུ་གང་ལེགས་བསྒྲུབ་དགོས་པ་དང་། ཏང་ཡོན་གྱི་འདོད་མོས་ལ་བརྩི་འཇོག་བྱེད་པ་དང་། རང་རྟོགས་རང་མོས་དང་འཁོས་དཔག་ལས་སྒྲུབ་རྒྱུན་འཁྱོངས་བྱེད་པ། བླང་བྱ་བཙན་པོ་མི་འདོན་པ། བཙན་ཤེད་ཀྱིས་བཀའ་མི་འབེབས་པ། གླ་ཕོགས་ལས་གཅིག་གྱུར་གྱིས་འཐེན་འཇལ་བྱེད་པ་སོགས་ཀྱི་བྱེད་ཐབས་མི་བཀོལ་བ། ཞལ་འདེབས་ཕུལ་བར་གོ་རིམ་ལྡན་པའི་སྒོ་ནས་སྤེལ་དགོས་ཤིང་། སྤྱིར་བཏང་དུ་གཅིག་སྡུད་ཀྱི་བྱེད་ཐབས་སྤྱོད་མི་རུང་། ཞལ་འདེབས་ཀྱི་སྒོར་མོ་རྣམས་ནན་ཏན་གྱིས་རྩིས་འབུལ་རྩིས་ལེན་བྱེད་དགོས་པ་དང་། ཞལ་འདེབས་ཕུལ་བའི་རྣམ་གྲངས་ལ་དོ་དམ་ནན་མོ་དང་ཆད་ལྷག་མེད་པར་གོང་ལ་འབུལ་དགོས་པ་ལས་མིང་གང་རུང་གི་ཐོག་ནས་བཀག་ཉར་རམ་གཞན་སྤྱོད་བྱ་མི་ཆོག་པར་བླང་བྱ་བཏོན་པ་རེད།

བརྡ་ཐོའི་ནང་ནན་བཤད་བྱས་དོན། ཞལ་འདེབས་བརྒྱབ་པའི་སྒོར་མོ་རྣམས་གཙོ་བོ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོའི་འཐབ་འཛིང་བྱེད་མཁན་གྱི་སྨན་ལས་མི་སྣ་དང་། གཞི་རིམ་ལས་བྱེད་མང་ཚོགས། སྤྱི་བདེའི་མི་དམངས་ཉེན་རྟོག་པ། སྡེ་ཁུལ་གྱི་ལས་དོན་པ་སོགས་དང་། ཏོག་གསར་གློ་ཚད་བྱུང་བ་ལས་འཚོ་བར་དཀའ་ངལ་འཕྲད་པའི་མང་ཚོགས་དང་ཏོག་གསར་གློ་ཚད་ཕོག་ནས་ཚེ་ལས་འདས་པའི་མང་ཚོགས་ཀྱི་ནང་མིར་རོགས་དངུལ་སྤྲོད་པ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་རྩོད་ཁྲོད་སྐུ་གཤེགས་པའི་ལས་བྱེད་མང་ཚོགས་ཀྱི་ཁྱིམ་མིར་འཚམས་འདྲི་བཅས་བྱེད་པར་བཀོལ་དགོས། ། (མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།)

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།