ཀྲུང་གོ་བོད་ཀྱི་དྲ་བ།

པཎ་ཆེན་རིན་པོ་ཆེས་གནང་བའི་བོད་ལྕགས་བྱི་ལོའི་ལོ་གསར་ཤིས་ཚིག

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2020-02-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བོད་ལྕགས་བྱི་ལོའི་ལོ་གསར་ཤར་བའི་སྐབས་འདིར། པཎ་ཆེན་ཨེར་ཏེ་ནི་སྐུ་ཕྲེང་བཅུ་གཅིག་པ་ཆོས་ཀྱི་རྒྱལ་པོ་མཆོག་གིས་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བརྒྱུད། རྒྱལ་ཁབ་ཕྱི་ནང་དུ་བཞུགས་པའི་བོད་རིགས་སྤུན་ཟླ་རྣམས་ལ་ལོ་གསར་གྱི་བཀྲ་ཤིས་སྨོན་འདུན་ཞུས་གནང་ཡོད། སྨོན་ཚིག་གི་ནང་དོན་ཞིབ་ཕྲ་གཤམ་གསལ།

    མཛའ་ཞིང་བརྩེ་བའི་གྲོགས་པོ་རྣམ་པ། 

དེ་རིང་ངས་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བརྒྱུད། རྒྱལ་ཁབ་ཕྱི་ནང་དུ་བཞུགས་པའི་བོད་རིགས་སྤུན་ཟླ་རྣམས་ལ་བོད་ལྕགས་བྱི་ལོའི་ལོ་གསར་གྱི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

སྤྱི་ལོ༢༠༡༩ལོར་ང་ཚོས་རླབས་ཆེན་དུས་རབས་ཀྱི་ལམ་བུར་བསྐྱོད་པ་དང་། ཁྱིམ་ཚང་སོ་སོར་ཡར་རྒྱས་དང་གྲུབ་འབྲས་ཐོབ་ཡོད་ལ། མི་སྒེར་སོ་སོར་ཡང་གོ་རྟོགས་གསར་པ་དང་འཚར་ལོངས་བྱུང་ཡོད།

མིག་སྔར། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ནས་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་ལ་འགོག་རྒོལ་ཧུར་ཐག་བྱེད་བཞིན་ཡོད། ཏང་ཀྲུང་དབྱང་གི་སྟོབས་ཆེའི་དབུ་ཁྲིད་འོག སྤྱི་ཚོགས་ཡོངས་ནས་བྱ་སྤྱོད་ཧུར་ཐག་སྤེལ་བ་དང་ཀུན་སེམས་གཅིག་སྒྲིལ། ཕྱར་བ་གྲུ་འདེགས་བཅས་བྱས་ཚེ། མཐར་རྒྱལ་ཁ་ཐོབ་ངེས་ཡིན་པར་ང་རང་ལ་ཡིད་ཆེས་བརྟན་པོ་ཡོད། ཕྱོགས་རྣམས་ཀུན་ན་ལུས་དང་སེམས།། སྡུག་བསྔལ་ནད་པ་ཇི་སྙེད་པ།། དེ་དག་བདག་གི་བསོད་ནམས་ཀྱིས།། བདེ་དགའ་རྒྱ་མཚོ་ཐོབ་པར་ཤོག ། དྲོ་སྐྱིད་ལྡན་པའི་འཚོ་བར་ང་ཚོས་གཅེས་སྤྲས་དང་། རྒྱུན་དུ་བྱམས་དང་སྙིང་རྗེ་སྒོམ་པ་དང་། ཚེ་སྲོག་ལ་གཅེས་སྤྲས་བྱེད་པ། ཆོག་ཤེས་ལྡན་པ། དུས་ཚོད་འཕྲོ་བརླག་མི་གཏོང་བ། སྡིག་སྤོང་དགེ་སྒྲུབ་ལ་བརྩོན་འགྲུས། ཚོགས་བསག་སྒྲིབ་སྦྱངས་ལ་ནན་ཏན་བཅས་བྱས་ནས། འཛམ་གླིང་འདི་ལ་འོད་ཟེར་དང་དྲོ་སྐྱིད་སྦྱིན་ཐུབ་པ་དགོས།

ངོས་ནས་འཛམ་གླིང་ཞི་བདེ་དང་། སྤྱི་ཚོགས་འཆམ་མཐུན། མེས་རྒྱལ་སྟོབས་འབྱོར་མངའ་ཐང་རྒྱས་པ། མི་དམངས་བདེ་ཞིང་སྐྱིད་པ་བཅས་ཡོང་བ་དང་། འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་གནས་སྐབས་མངོན་མཐོ་དང་མཐར་ཐུག་ངེས་ལེགས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་མྱུར་དུ་ཐོབ་པའི་སྨོན་ལམ་ཞུ་རྒྱུ་ཡིན། 

བཀྲ་ཤིས་བདེ་ལེགས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།