ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱིས་སྲིད་ཁྲིམས་ཁོངས་གཏོགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བའི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2020-02-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས19ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཀའོ་ཧྲེང་ཁུན་གྱིས་སྲིད་ཁྲིམས་ཁོངས་གཏོགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བའི་བརྙན་འཕྲིན་ཁ་པར་ཚོགས་འདུའི་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས“འདུ་ཤེས་བཞི”ཇེ་ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བྱས་ནས་བྱ་སྤྱོད་དངོས་ཀྱི་སྟེང་མངོན་པར་བྱས་ཏེ་སྲིད་ཁྲིམས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་གི་འགན་ནུས་འདོན་སྤེལ་གང་ལེགས་བྱེད་པ་དང་། སྲིད་ཁྲིམས་ཕྱོགས་བསྡུས་བཅོས་སྐྱོང་གི་ཐོན་ཁུངས་སྟོབས་ཤུགས་སྐོང་འཐེན་གང་ཐུབ་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་སྲུང་འཛིང་རགས་ནན་གྱིས་བསྐྲུན་ཅི་ཐུབ་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཁྲུག་དང་། སྤྱི་ཡོངས་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ལ་མཐའ་གཅིག་ཏུ་རྒྱལ་ཁ་ལེན་དགོས་ཞེས་ནན་བཤད་བྱས་པ་རེད།

  ཀའོ་ཧྲེང་ཁུན་གྱིས་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་འོག བློ་བརྟན་འགྱུར་མེད་ངང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དག་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས། ས་གནས་ཁག་གི་ཏང་ཨུ་དང་སྲིད་ཁྲིམས་ཨུ་ལྷན་གྱིས་ཏང་ཨུའི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་ནས་སྲིད་ཁྲིམས་སྡེ་ཁག་རྣམས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་མཛུབ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱས་ནས་དངོས་ཡོད་གནད་དོན་རྣམས་དུས་ཐོག་ཏུ་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས། དུས་བདེ་འཛུགས་སྐྱོང་གི་མཐུན་སྦྱོར་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་བྱས་ནས་འབྲེལ་ཡོད་འགན་ནུས་སྡེ་ཚན་ཁག་གིས་གཞོགས་འདེགས་དམ་ཟབ་དང་མཉམ་འགོག་མཉམ་བཅོས་ལ་སྐུལ་འདེད་བཏང་སྟེ་སྤྱི་ཡོངས་ཀྱི་མཉམ་ཤུགས་ཤིག་ཆགས་སུ་འཇུག་དགོས། གཞི་རིམ་གྱི་སྲིད་ཁྲིམས་སྡེ་ཁག་གིས་རང་ནུས་འདོན་སྤེལ་བྱས་ཏེ་དྲ་མིག་པ་དང་དུས་བདེའི་དང་བླངས་པ་སོགས་མཉམ་འགོག་མཉམ་བཅོས་ཀྱི་སྟོབས་ཤུགས་རྒྱ་ཁྱབ་ངང་སྤེལ་བར་སྐུལ་སློང་བྱེད་པ་དང་། ཆ་འཕྲིན་ཞིབ་བཤེར་དང་། སྲིད་ཇུས་དྲིལ་བསྒྲགས། འགལ་ཟླ་འདུམ་འགྲིག དཀའ་ངལ་རོགས་སྐྱོར་སོགས་ཀྱི་བྱ་བར་ཤུགས་སྣོན་རྒྱག་པ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི“འགོག་ལམ་དང་པོ”བརྟན་སྲུང་བྱེད་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”ཤར་གཏོང་བཅས་བྱེད་དགོས་པར་བླང་བྱ་བཏོན།

ཀའོ་ཧྲེང་ཁུན་གྱིས་ནན་གྱིས་བསྟན་དོན། ཁྲིམས་ལྟར་སྔོན་འགོག་ཚོད་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་། ལུས་པོའི་བདེ་ཐང་། ཁྲིམས་མཐུན་ཁེ་དབང་བཅས་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས། དམག་དུས་ཀྱི་སྒྲིག་ཁྲིམས་ནན་དུ་གཏོང་བ་དང་རིམ་པ་བཞིན་འགན་འཁྲི་ནན་དུ་བཏང་ནས་རིམས་འགོག་གི་བྱ་བ་མཐའ་དག་ཏན་ཏིག་དང་། དམ་འཛིན་ཞིབ་ཚགས། དོན་འཁྱོལ་བཅས་ཡོང་བར་ཁག་ཐེག་བྱེད་དགོས། བྱེད་ཐབས་ནུས་ལྡན་སྤྱད་དེ་རང་ངོས་ཀྱི་སྔོན་འགོག་ཚོད་འཛིན་ནན་མོ་དང་དམ་འཛིན་ཡག་པོ་བྱེད་དགོས། མིག་སྔར་གཞི་ཚུགས་པ་དང་མ་འོངས་པར་དམིགས་ཏེ་ཞན་ཆ་གསབ་པ་དང་། སྐྱོན་ཆ་སེལ་བ། ཉམས་ཞན་སྟོབས་ཆེར་གཏོང་བ་བཅས་བྱས་ནས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་དགོས། ། (མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།)

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།