ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞིའི་ཚོགས་འདུར་གཙོ་སྐྱོང་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2020-02-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས17ཉིན་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་ཚོགས་འདུ་ཐེངས་སོ་གསུམ་པ་པེ་ཅིང་དུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་བའི་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཉེ་དུས་ཀྱི་གཙོ་གནད་བྱ་བར་ཞིབ་འཇུག་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚོགས་འདུར་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

 ཚོགས་འདུའི་ཐོག་ཏོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་བ་ནས་བཟུང་ཀྲུང་གུང་ཀྲུང་དབྱང་གིས་ཚད་མཐོའི་ངང་མཐོང་ཆེན་གནང་བ་དང་། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ལྷན་གྱིས་བསྟུད་མར་ཚོགས་འདུ་ཐེངས་གསུམ་འཚོགས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཀྲུང་གུང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་འོག་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཀོད་འདོམས་དང་བཀོད་སྒྲིག་ཟབ་མོ་གནང་བའི་འོག རྒྱལ་ཡོངས་མི་དམངས་ཀྱིས་ཕྱར་བ་གྲུ་འདེགས་དང་མཐུན་སྒྲིལ་འབད་འཐབ་བྱས་པ་དང་། དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད། རིམས་ནད་ཀྱི་དུས་བབ་ལ་དགེ་མཚན་ལྡན་པའི་འགྱུར་ལྡོག་བྱུང་སྟེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་བར་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་ཡོད།

 ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་བ་དེ་ད་སྔ་ཆེས་དཀའ་ཚེགས་ཆེ་ཤོས་ཀྱི་འགག་རྩའི་དུས་མཚམས་སུ་སླེབས་ཡོད་པ་དང་མིག་སྔར་རིམས་ནད་ཀྱི་དུས་བབ་སྔར་བཞིན་ཛ་དྲག་ཡིན་པས་ལྷོད་གཡེང་སྤུ་ཙམ་ཡང་བྱེད་མི་རུང་། རྒྱལ་ཡོངས་སྲིད་གྲོས་ཀྱིས་བསམ་བློ་དང་བྱ་སྤྱོད་ཡོད་ཚད་ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ནས་རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་རྣམས་ལ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཐད་རྒྱལ་ཁ་ལེན་པའི་མི་དམངས་དམག་འཁྲུག་དང་། སྤྱི་ཡོངས་ཀྱི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ནང་ཧུར་ཐག་སྒོས་ཞུགས་རྒྱུའི་སྐུལ་སློང་བྱེད་དགོས། ཐབས་ཇུས་འདོན་པ་དང་སྲིད་དོན་སྐྱོང་རོགས་བྱེད་པ། ངོས་འཛིན་གཅིག་མཐུན་ཡོང་བ་བཅས་བྱེད་པའི་ཕྱོགས་གཉིས་ཤུགས་འདོན་གྱི་བྱ་བ་ཡག་པོ་བསྒྲུབས་ནས་ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་བར་འཕེལ་རྒྱས་ཆེན་པོ་བྱུང་བ་དང་། རིམས་ནད་འགོག་རྒོལ་འཐབ་རྩོད་ཁྲོད་ཀྱི་སྔོན་ཐོན་དཔེ་མཚོན་ཅན་དྲིལ་བསྒྲགས་ཡག་པོ་བྱེད་པ་དང་། སྲིད་གྲོས་ཨུ་ཡོན་དང་ལས་རིགས་ཁག་གི་མང་ཚོགས་ཀྱིས་མིག་སྔའི་དུས་བབ་ལ་ངོས་འཛིན་ཡང་དག་བྱ་རྒྱུར་ཁྲིད་སྟོན་བྱེད་པ། མཐུན་སྒྲིལ་འབད་འཐབ་དང་དུས་ངལ་མཉམ་སེལ་གྱི་དྲང་ནུས་རྒྱ་ཆེ་སྤེལ་བ་བཅས་བྱེད་དགོས། རྒྱ་ཆེའི་ཨུ་ཡོན་དང་ལས་རིགས་ཁག་གི་མང་ཚོགས་ཀྱི་བསམ་འཆར་དང་བསམ་ཚུལ་བསྡུ་རུབ་བྱས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་བ་ཡག་པོ་བསྒྲུབ་རྒྱུར་རིག་སྟོབས་ཀྱི་རྒྱབ་སྐྱོར་མཁོ་འདོན་བྱེད་དགོས། ཕྱོགས་གཅིག་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་དམ་འཛིན་བྱ་རྒྱུ་དང་ཕྱོགས་གཞན་ཞིག་ནས་བྱ་བ་སོ་སོར་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་བྱེད་པར་ཧུར་ཐག་བྱ་རྒྱུའི་ཐད་ལ་ཀྲུང་གུང་ཀྲུང་དབྱང་གི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་རྒྱབ་ལྗོངས་འོག་རྒྱལ་ཡོངས་སྲིད་གྲོས་ཀྱི་བྱ་བའི་བཀོད་སྒྲིག་ལྟར་ལས་འགན་ཁག་གོ་རིམ་ལྡན་པ་དང་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་བྱེད་དགོས། 

ཚོགས་འདུའི་ཐོག་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པ་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་པའི་འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་བྱས་པ་རེད།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིང་ལི་སོགས་ཀྱིས་འབྲེལ་ཡོད་གྲོས་གཞིར་བརྡ་ཁྱབ་དང་གསལ་བཤད་གནང་བ་རེད། ལིའུ་ཆི་པའོ་དང་། བན་ཀང་། ལུའུ་ཀྲན་ཀུང་། ཝང་ཀྲེང་ཝུའེ། མ་པེའོ། ཁྲེན་ཞའོ་ཀོང་། དབྱང་ཁྲོན་ཐང་། ལི་པིན། པ་ཐེར། ཝང་ཡུང་ཆིང་། སུའུ་ཧུའེ། ཀྲེང་ཅན་པང་། ཀུའུ་ཧྲེང་ཙུའུ། ལིའུ་ཤིན་ཁྲེང་། ཧོ་ཝེ། ཧྲའོ་ཧུང་། ཀའོ་ཡུན་ལུང་བཅས་ཚོགས་འདུར་ཞུགས་པ་རེད། ། (མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།)

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།