ཀྲུང་གོ་བོད་ཀྱི་དྲ་བ།

ཚོང་དོན་པུས་གཙོ་གནད་གྲོང་ཁྱེར་གྱི་འཚོ་བའི་དངོས་ཟོག་མཁོ་སྤྲོད་འགན་ལེན་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2020-02-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚེས11ཉིན་ཤེས་རྟོགས་བྱུང་བར་གཞིགས་ན། ཚོང་དོན་པུའི་གཞུང་དོན་ཐིང་གིས《གཙོ་གནད་གྲོང་ཁྱེར་གྱི་འཚོ་བའི་དངོས་ཟོག་མཁོ་སྤྲོད་འགན་ལེན་ཡག་པོ་བྱེད་དགོས་པའི་སྐོར་གྱི་བརྡ་ཐོ》བཀྲམ་སྟེ་ས་ཁུལ་ཁག་གི་ཚོང་དོན་གཙོ་འགན་དོ་དམ་སྡེ་ཚན་གྱིས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་ཆབས་ཅིག་མི་ཚོགས་སྟུག་པ་དང་། གྲོང་ཁྱེར་དུ་ཕྱིར་སློག་བྱེད་མཁན་མི་སྣ་གཅིག་སྡུད་ཆེ་བ། རིམས་ནད་སྔོན་འགོག་ཚོད་འཛིན་དང་མཁོ་སྤྲོད་འགན་ལེན་གྱི་གནོན་ཤུགས་ཆེ་བ་བཅས་ཀྱི་གཙོ་གནད་གྲོང་ཁྱེར་གྱི་འཚོ་བའི་དངོས་ཟོག་མཁོ་སྤྲོད་ཚན་རིག་དང་མཐུན་པའི་སྒོ་ནས་འགན་ལེན་ནུས་ལྡན་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

བརྡ་ཐོའི་ནང་། ས་ཁུལ་ཁག་གི་ཚོང་དོན་གཙོ་འགན་དོ་དམ་སྡེ་ཚན་གྱིས་གདིང་གཞིའི་གནས་ཚུལ་གསལ་རྟོགས་བྱས་ཏེ། སྔོན་བརྡ་གཏོང་བ་དང་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དངོས་ཟོག་གྲབས་གསོག་ལ་ཤུགས་སྣོན་རྒྱག་པ། དབོར་འདྲེན་སྡེབ་སྐྱེལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། འཕྲལ་སྡོམ་འགན་ལེན་ཡག་པོ་དང་ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་བྱེད་དགོས། གཙོ་གནད་གྲོང་ཁྱེར་གྱི་ཚོང་དོན་གཙོ་འགན་དོ་དམ་སྡེ་ཚན་གྱིས་གྲོང་ཁྱེར་གྱི་ཁྱད་ཆོས་དང་ཟུང་འབྲེལ་གྱིས་རིམས་ནད་རིང་དང་། ལྷག་པར་དུ་དཔྱིད་གསར་གྱི་ཕྱིར་ལོག་སྐྱེལ་འདྲེན་རིང་། འཚོ་བའི་དངོས་ཟོག་གལ་ཆེན་མཁོ་སྤྲོད་འགན་ལེན་གྱི་ལས་ཀའི་ཇུས་གཞི་བཟོས་ཏེ་འཕྲལ་སྡོམ་གྲ་སྒྲིག་ཡག་པོ་བྱེད་དགོས། གཙོ་གནད་གྲོང་ཁྱེར་དུ་དངོས་ཟོག་རྫོགས་པ་དང་ཚོང་ཟོག་ཆད་པ། གྲོང་མིས་ཧབ་ཐོབ་རྒྱག་པ་སོགས་ཐོལ་བྱུང་དོན་རྐྱེན་དང་ཐག་གཅོད་བྱེད་དཀའ་བའི་དཀའ་ངལ་ཆེན་པོ་འཕྲད་སྐབས། ཞིང་ཆེན་རིམ་པའི་ཚོང་དོན་གཙོ་འགན་དོ་དམ་སྡེ་ཚན་གྱིས་འཕྲལ་མར་སྟོབས་ཤུགས་སྒྲིག་འཛུགས་བྱས་ཏེ། ཐག་གཅོད་བྱེད་པ་དང་སྙན་སེང་ཞུ་དགོས་པའི་བླང་བྱ་བཏོན་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།