ཀྲུང་གོ་བོད་ཀྱི་དྲ་བ།

ནོར་སྲིད་པུའུ་དང་སློབ་གསོ་པུའུ་ཡིས་སློབ་གྲྭའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཐད་ཀྱི་འགྲོ་གྲོན་ལ་ཁག་ཐེག་གང་ལེགས་བྱེད་དགོས་པར་བསྟན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : ཆུ་ཀྲི་ཧན།   སྤེལ་དུས། : 2020-02-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནོར་སྲིད་པུའུ་དང་སློབ་གསོ་པུའུ་ཡིས་ཚེས10ཉིན་བརྡ་ཐོ་བཏང་སྟེ་ས་གནས་ཁག་གི་རིམ་པ་སོ་སོའི་ནོར་སྲིད་དང་སློབ་གསོ་སྡེ་ཁག་གིས་སློབ་གྲྭའི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་ཚད་མཐོའི་མཐོང་ཆེན་བྱེད་དགོས་པ་དང་། སློབ་གསོའི་གྲོན་དངུལ་གྱི་སྔོན་རྩིས་སྤྱི་འདོམས་བཀོད་སྒྲིག་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཙོ་གནད་ས་ཁུལ་དུ་ཡོད་པའི་སློབ་གྲྭར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། སློབ་གྲྭའི་སྔོན་འགོག་ཚོད་འཛིན་གྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས་སློབ་གྲྭ་རྒྱུན་ལྡན་ལྟར་འཁོར་རྒྱུག་བྱེད་ཐུབ་པར་ཁག་ཐེག་བྱེད་དགོས་ཞེས་བླང་བྱ་བཏོན་པ་རེད།

 བརྡ་ཐོའི་ནང་བསྟན་དོན། ཀྲུང་དབྱང་ནོར་སྲིད་ཀྱིས་སྔ་མོ་ནས་སློབ་སྔོན་སློབ་གསོའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་མ་དངུལ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་ཁ་གསབ་གྲོན་དངུལ(སྤྱི་སྤྱོད་གྲོན་དངུལ་གྱི་ཁ་གསབ་གྲོན་དངུལ)། མཐོ་འབྲིང་དཀྱུས་མའི་སློབ་གྲྭའི་སློབ་གཉེར་ཆ་རྐྱེན་ཇེ་ལེགས་སུ་གཏོང་བའི་ཁ་གསབ་མ་དངུལ། དེང་རབས་ལས་རིགས་སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་བའི་འཆར་གཞིའི་མ་དངུལ། ས་གནས་མཐོ་སློབ་ཀྱི་སྒྱུར་བཅོས་འཕེལ་རྒྱས་ཀྱི་མ་དངུལ་སོགས་སློབ་གསོའི་གཏོང་སྤྲོད་སྤོ་སྒྱུར་ལ་རྒྱབ་སྐྱོར་བྱེད་པའི་མ་དངུལ་གཤམ་སྤྲོད་བྱས་ཟིན་པས། ས་གནས་ནོར་སྲིད་དང་། སློབ་གསོའི་སྡེ་ཁག སློབ་གྲྭ་བཅས་ཀྱིས་འབྲེལ་ཡོད་མ་དངུལ་དོ་དམ་བྱེད་ཐབས་དང་སློབ་གྲྭའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དགོས་མཁོ་གཞི་བཟུང་ནས་སློབ་གྲྭའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དངོས་ཟོག་དང་སྒྲིག་ཆས་ཉོ་སྒྲུབ་བྱད་པའི་ཐད་སྤྱོད་དགོས་པ་མ་ཟད། ཞིང་ཆེན་རིམ་པའི་ནོར་སྲིད་སྡེ་ཁག་གིས2020ལོའི་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་འབྲེལ་ཡོད་སློབ་གསོའི་གཏོང་སྤྲོད་སྤོ་སྒྱུར་གྱི་མ་དངུལ་བགོ་བཤའ་དང་གཤམ་སྤྲོད་བྱེད་སྐབས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཙོ་གནད་གྲོང་ཁྱེར་དང་རྫོང་ལ་གཟིགས་སྐྱོང་བྱེད་དགོས་ཞེས་གསལ་བོར་བསྟན། 

བརྡ་ཐོ་ནང་ས་གནས་ཁག་གི་ནོར་སྲིད་སྡེ་ཁག་གིས་གོ་རིམ་ལྡན་པའི་ངང་མ་དངུལ་བཀོད་གཏོང་བྱས་ཏེ“འཕྲལ་དོན་མྱུར་སྒྲུབ་དང་དམིགས་བསལ་དམིགས་སྒྲུབ”ཀྱི་རྩ་དོན་གཞིར་བཟུང་། མ་དངུལ་གཏོང་སྤྲོད་དང་བེད་སྤྱོད་མགྱོགས་སུ་བཏང་ནས་སློབ་གྲྭའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་མ་དངུལ་དུས་ཐོག་ཏུ་དམིགས་སར་འབྱོར་ཐུབ་པར་ཁག་ཐེག་བྱེད་དགོས་པ་མ་ཟད། སློབ་གསོའི་སྡེ་ཁག་དང་མཉམ་དུ་མ་དངུལ་བེད་སྤྱོད་དང་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་པའི་ཞོར་ལ། སློབ་གྲྭའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དགོས་མཁོར་གཞིགས་ནས་དངོས་ཟོག་ཉོ་སྒྲུབ་བྱེད་པའི་ཕན་ནུས་མཐོ་རུ་གཏོང་རྒྱུ་དང་ཉོ་སྒྲུབ་ཀྱི་སྤུས་ཚད་ཁག་ཐེག་བྱེད་དགོས། ཞིང་ཆེན་རིམ་པའི་ནོར་སྲིད་དང་སློབ་གསོའི་སྡེ་ཁག་གིས་རིམས་ནད་ཀྱི་འཕེལ་ཕྱོགས་ལ་དོ་ཁུར་ཆེན་པོ་བྱེད་པ་དང་། དུས་འགྱངས་སློབ་འགོ་ཚུགས་པ་དེས་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭའི་སློབ་མ་རྣམས་སློབ་གྲྭར་ལོག་པ་དང་། སློབ་གསོ་སློབ་ཁྲིད་བྱེད་པ། སློབ་མར་རོགས་དངུལ་སྤྲོད་པའི་སྲིད་ཇུས་དོན་འཁྱོལ་བྱེད་པ་སོགས་ཀྱི་ཐད་ལ་ཤུགས་རྐྱེན་འབྱུང་བར་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་བྱས་ནས་དུས་ཐོག་ཏུ་སྔོན་ཇུས་བཟོ་དགོས། ། (མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།)

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།