ཀྲུང་གོ་བོད་ཀྱི་དྲ་བ།

སུན་ཁྲོན་ལན་གྱིས་ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་ཁྲིད་དེ་ཧུའུ་པེ་ཞིང་ཆེན་དུ་སོང་ནས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོག་བཅོས་ཚོད་འཛིན་གྱི་མཛུབ་སྟོན་བྱ་བ་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུང་ཁྲོན་ལན་གྱིས་ཚེས་ཉེར་བདུན་ཉིན་ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་ཁྲིད་དེ་ཧུའུ་པེ་ཞིང་ཆེན་གྱི་ཝུའུ་ཧན་གྲོང་ཁྱེར་དུ་བསླེབ་པ་དང་། ཧུའུ་པེ་ཞིང་ཆེན་གྱི་རིམས་ནད་འགོག་བཅོས་ཚོད་འཛིན་བཀོད་འདོམ་པུའུ་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཀྲུང་དབྱང་གིས་རིམས་ནད་བྱ་བའི་མགོ་ཁྲིད་ཚན་ཆུང་གི་བཀོད་སྒྲིག་རེ་བ་དངོས་འབེབ་བྱས་ཏེ། མིག་སྔར་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་མདུན་དུ་ལྷགས་པའི་འབུར་ཐོན་གནད་དོན་ལ་ཞིབ་འཇུག་དང་ཐག་གཅོད་བྱེད་དགོས་པ་བརྒྱུད་སྒྲོག་བྱས། 

སུན་ཁྲོན་ལན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་མགོ་འཛིན་མཛད་དེ། ཆེད་དུ་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བའི་གནས་ཚུལ་གྱི་སྙན་ཞུར་གསན་ནས་གསུང་བཤད་གལ་ཆེན་གནངས། ནད་པར་གསོ་བཅོས་བྱེད་པ་སོགས་འགོག་སྲུང་བྱ་བར་ཡང་བསྐྱར་ཞིབ་འཇུག་དང་ཡང་བསྐྱར་བཀོད་སྒྲིག ཡང་བསྐྱར་སྐུལ་སློང་བཅས་བྱས་ཏེ། ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་ཧུའུ་པེ་ཞིང་ཆེན་དུ་མངག་ནས། ལས་ཡུལ་དང་པོའི་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བར་ཤུགས་སྣོན་བྱེད་རྒྱུ་ཐག་བཅད། དེ་ལས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཧུའུ་པེ་ཞིང་ཆེན་དང་ཝུའུ་ཧན་གྲོང་ཁྱེར་གྱི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་ལ་མཐོང་ཆེན་དང་སེམས་ཁུར་བྱེད་པ་མངོན་པར་མཚོན་ཡོད་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་གཏིང་ཟབ་ཏུ་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ཏེ། བློ་བརྟན་འགྱུར་མེད་ཀྱིས་ལག་ལེན་དངོས་འབེབ་དམ་འཛིན་བྱེད་དགོས་ཟེར། 

སུན་ཁྲོན་ལན་གྱིས་ནན་གྱིས་བསྟན་དོན། ཧུའུ་པེ་ཞིང་ཆེན་གྱིས་རིམས་ནད་འགོག་བཅོས་ཚོད་འཛིན་དེ་ལས་འགན་གཙོ་བོར་བྱས་ཏེ་ས་ཁུལ་གྱི་འགན་འཁྲི་ལག་བསྟར་བྱེད་པ་དང་། གནད་འཁེལ་ཇུས་བསྟར། ཚན་རིག་འགོག་བཅོས་བྱེད་དགོས་ལ། གང་མགྱོགས་སྒོས་གཅིག་བསྡུས་གསོ་བཅོས་སྨན་ཁང་འཛུགས་སྐྲུན་བྱེད་པ་དང་། སྨན་བཅོས་སྟོབས་ཤུགས་ལ་གཅིག་གྱུར་བཀོད་འདོམ་དང་བེད་སྤྱོད་གང་ལེགས་བྱེད་དགོས། འགོག་སྲུང་དངོས་རྫས་ཀྱི་འགན་སྲུང་དང་དོ་དམ་བེད་སྤྱོད་ལ་ཤུགས་སྣོན་དང་། ཤུགས་ཆེན་པོས་ནད་པར་གསོ་བཅོས་བྱས་ཏེ་ཐབས་བརྒྱ་ཇུས་སྟོང་གིས་རིམས་ནད་འགོ་བར་ཚོད་འཛིན་བྱས་ནས་ཧུར་ཐག་སྒོས་ཤི་ཚད་ཇེ་དམའ་རུ་གཏོང་དགོས། རིམས་ནད་ཀྱི་དབྱེ་ཞིབ་བརྡར་གཅོད་གཏིང་ཟབ་ཏུ་སྤེལ་བ་དང་དུས་ལྟར་རིམས་ནད་ཀྱི་འཕེལ་རྒྱས་ལ་རྒྱུས་ལོན་བྱེད་པ། རང་འགུལ་སྒོས་མཛུབ་སྟོན་དང་མྱུར་དུ་འགུལ་སྐྱོད་སྤེལ་དགོས། འབྲེལ་ཡོད་སྡེ་ཁག་སོ་སོས་སྦྲེལ་མཐུད་བྱ་བ་བཟང་བོར་བསྒྲུབ་པ་དང་གཅིག་གྱུར་བཀོད་སྒྲིག་མཐུན་སྦྱོར་ལ་ཤུགས་སྣོན་པ། དངོས་རྫས་སྣ་ཚོགས་ཀྱི་མཁོ་འདོན་ལ་འགན་སྲུང་བྱེད་པ། མང་ཚོགས་ཀྱི་འཚོ་བའི་དགོས་མཁོ་བསྐང་ནས་གྲོང་ཁྱེར་གྱི་འགུལ་སྐྱོད་གཏན་འཇགས་ཡོང་བར་ཁག་ཐེག་བྱས་ཏེ། སེམས་ཤུགས་གཅིག་སྒྲིལ་གྱིས་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བའི་འཐབ་རྩོད་ཀྱི་རྒྱལ་ཁ་ལེན་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།