ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་དང་མ་ལེ་ཞི་ཡའི་ཙུང་ལི་མཱ་ཧ་ཏིར་གཉིས་ཀྱིས2020ལོའི“ཀྲུང་གོའི་མ་ལེ་ཞི་ཡ་རིག་གནས་ཡུལ་སྐོར་ལོའི”འགོ་ཚུགས་མཛད་སྒོར་ཤིས་ཚིག་ཕུལ་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2020-01-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2020ལོའི“ཀྲུང་གོའི་མ་ལེ་ཞི་ཡ་རིག་གནས་ཡུལ་སྐོར་ལོའི”འགོ་ཚུགས་མཛད་སྒོ་ཟླ1པོའི་ཚེས19ཉིན་སྐྱིད་ལུང་ཕུ་རུ་བསྡུས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་གི་ལིས་ཁི་ཆང་དང་མ་ལེ་ཞི་ཡའི་ཙུང་ལི་མ་ཧ་ཏིར་གཉིས་ཀྱིས་འགོ་ཚུགས་མཛད་སྒོར་ཤིས་ཚིག་ཕུལ།

 ལིས་ཁི་ཆང་གིས་ཤིས་ཚིག་ནང་བསྟན་དོན། ཀྲུང་གོ་དང་མ་ལེ་ཞི་ཡ་གཉིས་ནི་རྒྱ་མཚོའི་ཕར་ཚུར་གྱི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པས་སྲོལ་རྒྱུན་གྱི་མཛའ་མཐུན་ལོ་ངོ་སྟོང་ལས་བརྒལ་ཡོད། ཀྲུང་གོའི་མིང་རྒྱལ་རབས་ཀྱི་མཚོ་འགྲུལ་མཁས་པ་ཀྲེང་ཧོ་ནུབ་གླིང་དུ་ཐེངས་བདུན་ལ་སྐྱོད་སྐབས། མ་ལིའུ་ཅ་རུ་ཐེངས་ལྔར་ཕེབས་ནས་ས་གནས་དེ་གའི་མི་དམངས་དང་བརྩེ་བ་ཟབ་མོ་ཆགས་པས་དེ་ནི་ཀྲུང་གོ་དང་མ་ལེ་ཞི་ཡའི་འགྲོ་འོང་ལོ་རྒྱུས་ཐོག་གི་གཏམ་བཟང་ཞིག་ཏུ་གྱུར་ཡོད།  ཉེ་བའི་ལོ་ཤས་རིང་ཀྲུང་གོ་དང་མ་ལེ་ཞི་ཡའི་འབྲེལ་བ་བདེ་ཐང་སྐྱོན་བྲལ་དང་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་རྒྱུ་རྒྱུན་འཁྱོངས་བྱས་ནས་རྒྱལ་ཁབ་གཉིས་པོས་ཀྲུང་གོ—ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་མཉམ་ལས་དམ་ཟབ་བྱས་ནས་རང་སོ་སོའི་འཕེལ་རྒྱས་ལ་སྐུལ་སྤེལ་ཐེབས་པ་མ་ཟད། ས་ཁུལ་གྱི་དར་རྒྱས་དང་བརྟན་ལྷིང་ལ་སྒུལ་ཤུགས་ཀྱང་བསྣན་ཡོད། ཕྱོགས་གཉིས་པོས་རིག་གནས་ཡུལ་སྐོར་ལོའི་བྱ་འགུལ་འདི་གོ་སྐབས་སུ་བྱས་ཏེ་རིག་གནས་སྤེལ་རེས་རྒྱ་ཆེར་གཏོང་བ་དང་། ཡུལ་སྐོར་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། མི་སྣ་འགྲོ་འོང་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་གཉིས་པོའི་མི་དམངས་དབར་གྱི་ཕན་ཚུན་ཤེས་རྟོགས་ཇེ་ཟབ་ཏུ་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཀྱི་གཏམ་བཟང་གསར་པ་རྒྱུན་ཆད་མེད་པར་བཀོད་དེ་ཀྲུང་གོ་དང་མ་ལེ་ཞི་ཡའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་ཆེད་དམངས་སེམས་དང་སྤྱི་ཚོགས་ཀྱི་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

 མཱ་ཧ་ཏིར་གྱིས་མ་ལེ་ཞི་ཡ་དང་ཀྲུང་གོ་དབར་གྱི་འབྲེལ་བའི་ལོ་རྒྱུས་ཡུན་རིང་ལྡན་ཡོད། རིག་གནས་ཡུལ་སྐོར་ལོའི་བྱ་འགུལ་འདིས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དང་མཛའ་གྲོགས་ལ་འཕེལ་རྒྱས་གསར་པ་ཡོང་རྒྱུའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཀྲུང་གོའི་ལུགས་རྙིང་གི་བྱི་བ་ལོའི་ནང་འཚོ་བ་བདེ་སྐྱིད་ལྡན་པའི་སྨོན་འདུན་ཞུ་རྒྱུ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་མཉམ་ལས་མུ་མཐུད་དུ་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད། ། (མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།)

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།