ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་དང་པོའི་ཚེས་བརྒྱད་ཉིན་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས་སྲིད་གཞུང་ལས་ཁུངས་དང་རྒྱལ་དབང་ཁེ་ལས་ཀྱིས་དམངས་གཉེར་ཁེ་ལས་དང་ཁེ་ལས་འབྲིང་ཆུང་གི་མ་དངུལ་དུས་འགྱངས་ཆད་ལུས་བྱས་པའི་བྱ་བ་སྔར་ལས་གཙང་བཤེར་བཟང་བོ་བྱེད་པར་བཀོད་སྒྲིག་བྱས་པ་དང་།   ལག་བསྟར་དོན་འཁྱོལ་བྱེད་དགོས་པའི་རེ་བ་བཏོན་པར་མ་ཟད།     ལུགས་རྙིང་ལོ་གསར་སྐབས་ཀྱི་ཁྲོམ་རའི་མཁོ་འདོན་དང་དངོས་གོང་གཏན་འཇགས།   གཞི་རྩའི་དམངས་ཚིས་འགན་སྲུང་བྱ་བར་བཀོད་སྒྲིག་བྱས།

གྲོས་ཚོགས་ལས་བསྟན་དོན།  དམངས་གཉེར་ཁེ་ལས་དང་་ཁེ་ལས་འབྲིང་ཆུང་གི་མ་དངུལ་དུས་འགྱངས་ཆད་ལུས་བྱེད་པ་གཙང་བཤེར་བྱེད་རྒྱུ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པ་དང་།   ཁྲོམ་རའི་དཔལ་འབྱོར་སྒྲིག་ལམ་དང་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱེད་པ་དང་འབྲེལ་བ་ཡོད་པར་མ་ཟད།   སྲིད་གཞུང་གི་སྤྱིའི་ཡིད་རྟོན་དང་འབྲེལ་བ་ཡོད་པ་ཡིན།   དེ་མིན།   མ་དངུལ་དུས་འགྱངས་ཆད་ལུས་བྱས་པ་དེས་ཚད་ངེས་ཅན་ཞིག་གི་སྟེང་ནས་གླ་ཕོགས་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད་པ་དང་།  ལྷག་པར་དུ་ཞིང་བ་ཞོར་ལས་པར་གླ་ཕོགས་དུས་ལྟར་སྟེར་ཐུབ་མིན་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད་པས།   ལུགས་རྙིང་ལོ་གསར་སྔོན་གྱི་གཅིག་བསྡུས་གཙང་བཤེར་ཤུགས་ཚད་ཆེ་རུ་གཏོང་དགོས་པ་དང་།    མ་དངུལ་དུས་འགྱངས་ཆད་ལུས་བྱེད་པ་སྔོན་འགོག་བྱེད་པའི་ཡུན་ཕན་ནང་རྐྱེན་འཛུགས་སྐྲུན་བྱེད་དགོས་ཟེར།

གྲོས་ཚོགས་སྟེང་ལུགས་རྙིང་ལོ་གསར་ཐོན་ལ་ཡོད་པས།   ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་བྱེད་ཐབས་སྣ་མང་སྤྱོད་པ་དང་།  གཅིག་གྱུར་མཐུན་སྦྱོར་ལ་ཤུགས་སྣོན་པ།  སྟོབས་ཤུགས་ཡོད་རྒུས་ཁྲོམ་རའི་མཁོ་འདོན་དང་དངོས་གོང་གཏན་འཇགས་བྱ་བ་བཟང་བོར་བསྒྲུབ་པ་བཅས་བྱས་ནས་དཀའ་ཁག་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་བྱེད་དགོས་པ་དང་།   མི་དམངས་མང་ཚོགས་ལ་སྤྲོ་སྐྱིད་དང་བཀྲ་ཤིས།  བདེ་འཇགས་ཀྱི་ལོ་གསར་ཞིག་རོལ་དུ་འཇུག་དགོས་པའི་རེ་བ་བཏོན།

གྲོས་ཚོགས་སྟེང་ད་རུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།