ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20191228102751TD8D.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཉིས་པའི་ཚེས་ཉེར་དྲུག་ཉིན་ནས་ཚེས་ཉེར་བདུན་ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་བསྡུས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཟླ་བཅུ་གཉིས་པའི་ཚེས་ཉེར་དྲུག་ཉིན་ནས་ཚེས་ཉེར་བདུན་ཉིན་བར་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་བསྡུས། ཚོགས་ཐོག་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་གཙོ་ཐིག་ལ་དམ་དུ་དམིགས་པ་དང་། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་ལ་རྐང་འཛུགས་པ། ཐོག་མའི་བསམ་འདུན་དམ་སྲུང་བྱེད་པ་དང་འགན་འཁྲི་ཕྲག་ཏུ་ལེན་པ། བར་ཁྱད་འཚོལ་བ། ལག་བསྟར་དམ་འཛིན་བྱེད་པའི་སྤྱིའི་རེ་བ་ལག་བསྟར་བྱེད་པ། གཞུང་ལུགས་སློབ་སྦྱོང་ཐད་ནས་གྲུབ་འབྲས་ལེན་པ་དང་། བསམ་བློ་ཆབ་སྲིད་ཐད་ནས་སྦྱོང་བརྡར་བྱེད་པ། ལས་གཉེར་ལས་བརྩོན་ཐད་ནས་ཁག་ཁུར་བྱེད་ཕོད་པ། མི་དམངས་ལ་ཞབས་འདེགས་ཞུས་ནས་དཀའ་གནད་ཐག་གཅོད་པ། སྲོལ་བཟང་སྤྱོད་གཙང་ཐད་ནས་མིག་དཔེ་བྱེད་པའི་དམིགས་འབེན་ལ་དམིགས་པ། གཤིབ་སྡུར་བཞི་དང་འཚོལ་ཞིབ་བཞི་ཡི་རེ་བ་ལྟར། བསམ་བློ་བརྗེ་རེས་བྱེད་པ་དང་གནད་དོན་ལ་ལྟ་ཞིབ་བྱེད་པ། དབྱེ་ཞིབ་ཟབ་མོ་བྱས་ནས། སྐྱོན་བརྗོད་དང་རང་ཉིད་ལ་སྐྱོན་བརྗོད་བྱེད་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་འགོ་མཛིན་མཛད་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

ཚོགས་འདུའི་སྔོན་དུ། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་གྱིས་འབྲེལ་ཡོད་འགན་ཁུར་བློ་མཐུན་དང་གླེང་མོལ་བྱས་པ་དང་། རྟོག་ཞིབ་དང་བསམ་གཞིགས་བྱས་ལ། གསུང་བཤད་ཀྱི་ཡིག་ཆ་བྲིས། ཚོགས་ཐོག་ནས་ཐོག་མར2019ལོར་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཀྲུང་དབྱང་གི་གཏན་ཁེལ་བརྒྱད་ལག་བསྟར་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་དང་ཕྱི་ཚུལ་རིང་ལུགས་ཐད་ཀྱི་འབུར་ཐོན་གནད་དོན་ཐག་བཅད་དེ་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བའི་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་གྲོས་ཞིབ་བྱས། དེའི་རྗེས། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་གྱིས་རིམ་པ་བཞིན་གཏམ་བཤད་པ་དང་། རེ་བ་བཞིན་གཤིབ་སྡུར་ཞིབ་བཤེར་བྱས།

ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་གྱིས་གཙོ་བོར་ཕྱོགས་བདུན་ཐད་དམིགས་ནས་གཏམ་བཤད། གཅིག་ནི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲས་པར་ཤུགས་སྣོན་པ་དང་ཕུགས་འདུན་ཡིད་རྟོན་ཇེ་བརྟན་དུ་གཏོང་བའི་གནས་ཚུལ། གཉིས་ནི་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པའི་གནས་ཚུལ། གསུམ་ནི་འགན་འཁྲི་ལག་བསྟར་བྱེད་པ་དང་ཁག་ཁུར་བྱེད་ཕོད་པའི་གནས་ཚུལ། བཞི་ནི་དམིགས་འབེན་ཡིད་ལ་དམ་པོར་འཛིན་པ་དང་མི་དམངས་ལ་ཞབས་འདེགས་ཞུ་བའི་གནས་ཚུལ། ལྔ་ནི་འགོ་ཁྲིད་དེ་ལམ་ལུགས་དབང་ཟིལ་ལ་སྲུང་སྐྱོབ་བྱེད་པ་དང་ཆབ་སྲིད་ཀྱི་ནུས་པ་མཐོར་འདེགས་གཏོང་བའི་གནས་ཚུལ། དྲུག་ནི་དྲང་གཞག་སྒོས་དབང་ཆ་སྤྱོད་པ་དང་སྲོལ་བཟང་སྤྱོད་གཙང་གི་གནས་ཚུལ། བདུན་ནི་ལས་བགོས་བྱ་བ་དང་ཐ་ན་ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་རང་བཞིན་གྱི་བྱ་བ་གཙོ་བོར་ཟུང་འབྲེལ་བྱས་ནས་བསམ་གཞིགས་གཏོང་བ་བཅས་རེད།

ཚོགས་ཐོག་ནས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ནི་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་དང་དུས་རབས་ཉེར་གཅིག་པའི་མར་ཁེ་སི་རིང་ལུགས་ཡིན་པ་དང་། ཚན་རིག་གཞུང་ལུགས་ལ་བརྟེན་ནས་བསམ་བློར་དྲག་ཆས་སྤྲས་པ་དང་། ལག་ལེན་ལ་མཛུབ་སྟོན་བྱེད་པ། བྱ་བར་སྐུལ་འདེད་གཏོང་རྒྱུ་ནི་ཏང་ཡོངས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཡིན་པས། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་ཚོས་ངེས་པར་དུ་སློབ་སྦྱོང་ནན་མོ་དང་ལག་བསྟར་ཟབ་མོ་བྱེད་པའི་སྟེང་ཏང་ཡོངས་ཀྱི་མིག་དཔེ་བྱེད་དགོས། མུ་མཐུད་དུ་ཚན་རིག་གཞུང་ལུགས་ལ་སློབ་སྦྱོང་ནན་མོ་དང་རྒྱུས་ལོན་ཟབ་མོ་བྱེད་པ་དང་། དུས་ལྟར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་ལམ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱེད་པ་དང་རྒྱུས་ལོན་གསལ་བོ་བྱེད་པ། གཞུང་ལུགས་ཀྱི་བྱང་ཚད་དང་ཆབ་སྲིད་ཀྱི་བྱང་ཚད་རྒྱུན་མ་ཆད་པར་མཐོར་འདེགས་གཏོང་བ། ཡིད་རྟོན་ཇེ་བརྟན་དུ་གཏོང་བ་དང་ཐོག་མའི་བསམ་འདུན་མི་བརྗེད་པ། རང་ཉིད་ལ་བསྒྱུར་བཀོད་བྱེད་པ་དང་རང་ཉིད་དག་གཙང་དུ་བསྒྱུར་ནས། ཏང་དང་མི་དམངས་ཀྱི་ཆེད་དུ་བྱ་བ་བསྒྲུབ་དགོས། ལྷག་པར་དུ་གཞུང་ལུགས་དང་གནས་ཚུལ་དངོས་གཉིས་འབྲེལ་འདྲིས་བྱེད་པའི་མར་ཁེ་སི་རིང་ལུགས་སློབ་སྲོལ་དར་སྤེལ་གཏོང་བ་དང་། བཅོས་སྒྱུར་འཕེལ་རྒྱས་དང་གཏན་འཇགས་སོགས་ཕྱོགས་ཀྱི་བྱ་བར་འབྲེལ་འདྲིས་བྱེད་པ། མི་དམངས་མང་ཚོགས་ཀྱི་མཛེས་སྡུག་གི་འཚོ་བའི་ཐད་ཀྱི་རེ་བ་གསར་བར་ཟུང་འབྲེལ་བྱེད་པ། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། དཀའ་ངལ་ཁྱད་སེལ་བྱས་ཏེ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་དམིགས་འབེན་མངོན་འགྱུར་བྱེད་པ་དང་དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ལེན་ཆེད་བྱ་བ་ནན་མོས་བསྒྲུབ་དགོས་ཟེར།

ཚོགས་ཐོན་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གོ་གནས་ལ་སྲུང་སྐྱོབ་བྱེད་པ་དང་། ཏང་ཀྲུང་དབྱང་གི་དབང་ཟིལ་དང་གཅིག་བསྡུས་གཅིག་གྱུར་འགོ་ཁྲིད་ལ་སྲུང་སྐྱོབ་བྱེད་རྒྱུ་ནི། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་མ་ཆད་པར་འཕེལ་རྒྱས་སུ་གཏོང་བའི་རྩ་བའི་ཆབ་སྲིད་འགན་སྲུང་ཡིན། དེང་རབས་འཛམ་གླིང་གི་ལོ་བརྒྱའི་ནང་མཐོང་དཀའ་བའི་འགྱུར་ལྡོག་དང་རྙོག་འཛིང་ཆེ་བའི་རྒྱལ་ཁབ་ཕྱི་ནང་གི་ཉེན་ཁ་དང་འགྲན་རྩོད་ལ་ཁ་གཏད་ཏེ། ཞི་ཅིན་ཕིང་གིས་གཟིགས་རྒྱང་རིང་བོས་སྤྱི་ཡོངས་ལ་སྣེ་ཁྲིད་བྱས་པ་དང་། ཐབས་མཆོག་སྤྱད་པ་དང་བཀོད་འདོམས་བཟང་བོ་བྱས་ནས། ཚན་རིག་དང་མཐུན་པའི་ཚོད་དཔག་རབ་དང་རིམ་པ་བྱས་པ་དང་འཐབ་ཇུས་གལ་ཆེན་རབ་དང་རིམ་པ་བཀོད་ལ། བྱ་བ་གལ་ཆེན་རབ་དང་རིམ་བསྒྲུབས་པ་དང་། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་འགོ་ཁྲིད་དེ་ལོ་རྒྱུས་ཀྱི་ཁྱད་ཆོས་ལྡན་པའི་རླབས་ཆེན་གྱི་འཐབ་རྩོད་མངཔོ་སྤེལ་བ་དང་། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་སུ་གཏོང་བའི་སྟེང་ནས་གྲུབ་འབྲས་གསར་བ་ཆེན་པོ་བླངས་ལ། གུང་ཁྲན་ཏང་མིའི་ཕུགས་འདུན་ཡིད་རྟོན་བརྟན་པོ་དང་མི་དམངས་ཀྱི་འགོ་གཙོའི་མི་དམངས་བསམ་པའི་བརྩེ་སེམས། མར་ཁེ་རིང་ལུགས་ཀྱི་ཆབ་སྲིད་པའི་ཆབ་སྲིད་འགོ་ཁྲིད་སྒྱུ་རྩལ་མངོན་པར་བྱས། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་ཚོས་འགོ་ཁྲིད་དེ་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པ། རང་རྟོགས་སྒོས་བསམ་བློ་དང་ཆབ་སྲིད། འགུལ་སྐྱོད་བཅས་ཀྱི་ཐད་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་གཅིག་གྱུར་མཐོན་པོ་བྱེད་པ། ཕུགས་འདུན་ཡིད་རྟོན་ཇེ་བརྟན་དུ་གཏོང་བ། ཁག་ཁུར་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། ལམ་ལུགས་ཀྱི་དགེ་མཚན་འདོན་སྤེལ་བྱེད་པ། ཆབ་སྲིད་ཀྱི་ནུས་པ་མཐོར་འདེགས་གཏོང་བ། བློ་བརྟན་འགྱུར་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ལག་བསྟར་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱས་ཏེ། ཧུར་ཐག་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་བ་སྔར་ལས་བཟང་བོར་བསྒྲུབ་དགོས་ཟེར།

ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་ཚོའི་གཤིབ་སྡུར་ཞིབ་བཤེར་ཐད་ཀྱི་གཏམ་བཤད་སྤྱི་སྡོམ་མཛད་པ་མ་ཟད། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཀྲུང་དབྱང་གི་གཏན་ཁེལ་བརྒྱད་ཀྱི་དགོངས་དོན་ལག་བསྟར་བྱེད་པ་དང་གཞི་རིམ་ལ་གནོད་སྐྱེལ་བའི་ཕྱི་ཚུལ་རིང་ལུགས་ཀྱི་གནད་དོན་ཐག་བཅད་དེ་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བའི་ཐད་ནས་རེ་བ་བཏོན་ལ། ཐེངས་འདིའི་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་བསྡུས་པ་ཧ་ཅང་བཟང་བ་དང་གྲུབ་འབྲས་ཆེན་པོ་ལྡན། ཚང་མས་ཚོགས་འདུའི་སྔོན་དུ་གྲ་སྒྲིག་བཟང་བོ་བྱས་པ་དང་། ངོས་འཛིན་དང་མྱོང་ཚོར་ཟབ་མོ་གླེང་ལ། གནད་དོན་དང་མི་འདང་སའི་ཐད་ནས་སྦ་གསང་མ་བྱས་པ་དང་། དག་ཐེར་ལེགས་བཅོས་དམ་འཛིན་བྱས་པ་དང་གནད་དོན་ལ་ཐད་ཀར་དམིགས་པ། སྐྱོན་བརྗོད་དང་རང་སྐྱོན་བརྗོད་པ་གནད་ལ་འཁེལ་བ། བྱ་བའི་བསམ་ཚུལ་བརྗོད་པའི་ཐད་དངོས་ཐོག་བདེན་འཚོལ་བྱས་པ་དང་། གྲུབ་འབྲས་སྤྱི་སྡོམ་བྱས་པ་དང་བསམ་བློ་བརྗེ་རེས་བྱས་ལ། གནད་དོན་ལ་ལྟ་ཞིབ་བཟང་བོ་བྱས་པ་དང་ཁ་ཕྱོགས་གཏན་ཁེལ་གསལ་བོ་བྱས་ཏེ། སྔོན་དཔག་གི་དམིགས་འབེན་མངོན་འགྱུར་བྱས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཕུགས་འདུན་ཡིད་རྟོན་ནི་གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་བླ་སྲོག་ཡིན་པ་དང་། གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་ངོ་བོའི་རེ་བ་ཡིན། གུང་ཁྲན་ཏང་མི་ལ་འགྱུར་བ་མེད་པའི་ཕུགས་འདུན་ཡིད་རྟོན་ཡོད་ན། ད་གཟོད་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་འཛིན་ཐུབ། ནམ་ཡང་ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་ཡིད་ལ་དམ་པོར་འཛིན་པ་དེ་ངེས་པར་སྦྱོང་དགོས་པའི་སློབ་ཚན་དང་རྒྱུན་ལྡན་དུ་སྦྱོང་དགོས་པའི་སློབ་ཚན་དུ་བརྩིས་ནས། རྒྱུན་དུ་དམ་འཛིན་བྱེད་པ་དང་ཐོག་མའི་བསམ་འདུན་དམ་སྲུང་བྱེད་པ། ཕུགས་འདུན་ཡིད་རྟོན་ཐད་ཀྱི་ཚད་མཐའ་དམ་སྲུང་བྱེད་པ། དཀར་ནག་བཟང་ངན་གྱི་མདུན་དུ་ལངས་ཕྱོགས་བརྟན་པོ་བྱེད་པ། ཉེན་ཁའི་མདུན་དུ་དཔའ་ངར་མི་ཞུམ་པ། སླུ་བྲིད་ཀྱི་སྣ་ཚོགས་ཀྱི་མདུན་དུ་ལངས་ཕྱོགས་བརྟན་པོ་བྱེད་པ། གནད་འགག་གི་དུས་སྐབས་སུ་ཏང་གིས་ཡིད་ཆེས་བྱེད་ཆོག་པ་དང་བློ་གཏད་ཆོག་པ། སེམས་བདེ་ཆོག་པར་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་ཚོས་རང་ཉིད་ལ་རེ་བ་ནན་མོ་བཅངས་པ་དང་། དུས་ནམ་ཡང་རང་ཉིད་ལ་བརྩི་མཐོང་བྱེད་པ་དང་རང་སྐྱོན་རང་ཞིབ་བྱེད་པ། རང་ཉིད་ལ་སྐུལ་སློང་བྱས་ནས། སེམས་ཆུང་དང་རང་ཞིབ་ནན་མོ་བྱེད་དགོས། རང་ཉིད་ནས་འགོ་རྩོམ་པ་དང་རང་ཉིད་དག་གཙང་དུ་བསྒྱུར་བ། རང་གཅུན་ནན་མོ་བྱེད་པ། ཁྱིམ་མི་གྲོགས་པོ་དང་ཉེ་འགྲམ་གྱི་ལས་བྱེད་མི་སྣར་དོ་དམ་བཟང་བོ་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཐེངས་འདིའི་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་སྟེང་། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་ཚོས་རང་འགུལ་གྱིས་བར་ཁྱད་འཚོལ་བ་དང་མི་འདང་ས་འཚོལ་བ། བྱ་བ་བཟང་བོར་བསྒྲུབ་པའི་ཐད་ནས་བསམ་ཚུལ་དང་གྲོས་གཞི་མང་པོ་བཏོན་ལ། དེ་དག་ལས་ལ་ལ་ཀྲུང་དབྱང་གི་བྱ་བ་དང་འབྲེལ་བ་ཡོད་པ་དང་། ལ་ལ་ལས་ཁུངས་ཀྱི་བྱ་བ་དང་འབྲེལ་ལ། ལ་ལ་ས་གནས་ཀྱི་བྱ་བའི་ཐད་ནས་ཡིན་པས། གྲོས་ཚོགས་གྲོལ་རྗེས་མྱུར་དུ་ཞིབ་འཇུག་བྱེད་པ་དང་བྱེད་ཐབས་འདོན་པ། བྱ་བར་ལེགས་བསྒྱུར་བྱས་ཏེ། ཕན་འབྲས་ལེན་ཐུབ་པར་བྱེད་དགོས་ཟེར།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།