ཀྲུང་གོ་བོད་ཀྱི་དྲ་བ།

ཞིང་ལས་གྲོང་གསེབ་པུའུ་ཡིས2020ལོར་འབྲུ་རིགས་ཀྱི་སྤྱིའི་ཐོན་འབབ་རྒྱ་མ་དུང་ཕྱུར་ཁྲི1.3ཡན་བརྟན་པོར་གནས་རྒྱུ་རེད་ཅེས་བརྗོད་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-12-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས22ཉིན། ཀྲུང་དབྱང་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་ཀྲུའུ་རེན་ཞིང་ལས་གྲོང་གསེབ་པུའི་པུའུ་ཀྲང་ཧན་ཁྲང་ཧྥུས2020ལོར་རྒྱལ་ཡོངས་ཀྱི་འབྲུ་རིགས་ཐོན་སྐྱེད་ཐད་འབྲུ་སྣ་འདེབས་ཁྱོན་མུའུ་དུང་ཕྱུར14.2ཡན་བརྟན་པོ་ཡོང་བའི་འགན་ལེན་དང་འབྲུ་རིགས་ཀྱི་སྤྱིའི་ཐོན་འབབ་རྒྱ་མ་དུང་ཕྱུར་ཁྲི1.3ཡན་བརྟན་པོ་ཡོང་བའི་འགན་ལེན་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།

ཧན་ཁྲང་ཧྥུས་དེ་ཉིན་འཚོགས་པའི་རྒྱལ་ཡོངས་ཞིང་ལས་གྲོང་གསེབ་ཐིང་གི་ཅུས་ཀྲང་ཚོགས་འདུའི་ཐོག2019ལོའི་འབྲུ་རིགས་ཐོན་སྐྱེད་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་དེ་ཐོན་འབབ་རྒྱ་མ་དུང་ཕྱུར13277ཟིན་པ་དང་། ལོ་5བསྟུད་མར་རྒྱ་མ་དུང་ཕྱུར་ཁྲི1.3ཟིན་རྒྱུ་བརྟན་ཐོག་རྒྱུན་འཁྱོངས་ཐུབ་ནས་འབྲུ་རིགས་ཐོན་སྐྱེད་དེ་ལོ་རྒྱུས་རང་བཞིན་གྱི“ལོ་བཅུ་དྲུག་བསྟུད་མར་ལོ་ལེགས་བྱུང་ཡོད”ཅེས་བརྗོད་པ་རེད།

ཁོང་གིས་ལོ་འདི་དག་རིང་ལོ་ལྟར་ལོ་ལེགས་བྱུང་ཡང་འབྲུ་རིགས་ཐོན་སྐྱེད་ནུས་པ་ད་དུང་བརྟན་པོ་མེད། ས་ཁུལ་ཁག་གཅིག་ཏུ་འབྲུ་རིགས་ཐོན་སྐྱེད་ལ་ལྷོད་གཡེང་གཏོང་བའི་རྣམ་པ་མངོན་གསལ་དོད་པ་དང་། ས་ཁུལ་ཁག་གཅིག་ཏུ་འབྲུ་རིགས་ཐོན་སྐྱེད་བྱེད་ཉུང་དུ་གཏོང་བ་མ་ཟད། འབྲུ་རིགས་འདེབས་པའི་ཕན་འབྲས་ཆུང་དུ་འགྲོ་བ་སོགས་ཀྱི་གནད་དོན་སྔར་བཞིན་ཐོན་བཞིན་ཡོད་ཅེས་དྲན་སྐུལ་བྱས་པ་རེད།

ཧན་ཁྲང་ཧྥུས2020ལོར་འབྲུ་རིགས་ཐོན་སྐྱེད་བྱེད་པར་སྲིད་ཇུས་བརྟན་པོ་དང་རྒྱ་ཁྱོན་བརྟན་པོ་དགོས་པ་དང་། འབྲུ་རིགས་བདེ་འཇགས་ཧྲེང་ཀྲང་གི་འགན་འཁྲིའི་ལམ་ལུགས་ཀྱི་དཔྱད་ཞིབ་ལ་ཤུགས་སྣོན་རྒྱག་པ། འབྲུ་རིགས་ཐོན་ཁུལ་གཙོ་བོའི་ཞིང་ཆེན་གྱིས་ཐོན་ནུས་ཆེ་རུ་ཧུར་ཐག་གཏོང་དགོས་པ་དང་འབྲུ་རིགས་ཐོན་ཁུལ་གཙོ་བོ་མ་ཡིན་པའི་ཞིང་ཆེན་གྱིས་ཀྱང་རང་ཁ་རང་གསོ་ཐུབ་ཚད་གོང་མཐོར་བཏང་ནས་ཞིང་ཆེན་ཁག་གི་འབྲུ་རིགས་འདེབས་ཁྱོན་དང་ཐོན་འབབ་གཞི་རྩའི་ཆ་ནས་བརྟན་པོ་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས། འབྲས་སོབ་དང་གྲོའི་ཉོ་སྒྲུབ་རིན་གོང་དམའ་ཤོས་དང་། འབྲས་སོབ་ཀྱི་ཁ་གསབ། མ་རྨོས་ལོ་ཏོག་དང་སྲན་ཆེན་ཐོན་སྐྱེད་མཁན་གྱི་ཁ་གསབ་སོགས་ཀྱི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ཏེ་འབྲུ་རིགས་ཐོན་འབབ་མང་བའི་རྫོང་ཆེན་པོར་བྱ་དགའ་སྤྲོད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད།

དེ་དང་ཕྱོགས་མཚུངས་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་དང་དེ་བཞིན་གེགས་འགོག་གེགས་སེལ་གྱི་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་མུའུ་ཁྲི8000ཟིན་པའི་ཚད་གཞི་མཐོ་བའི་ཞིང་ཁ་དང་མུའུ་ཁྲི2000ཟིན་པའི་ནུས་ཆེའི་ཆུ་གྲོན་ཆུང་གི་ཞིང་ཆུ་འདྲེན་པའི་འཛུགས་སྐྲུན་ལས་འགན་ལེགས་སྒྲུབ་བྱེད་དགོས། རྩྭ་ཐང་གི་མཚན་མོའི་ཕྱེ་མ་ལེབ་རང་རྒྱལ་དུ་སྐྱེ་འཕེལ་བྱུང་ནས་གེགས་བར་བྱུང་བའི་ཉེན་ཁ་ཆེ་རུ་སོང་སྟེ་ས་ཆ་ཁ་ཤས་སུ་ཐན་པ་དང་ཞོད་སྐྱོན་སོགས་ཀྱི་གནོད་འཚེ་ཐོན་ཤུགས་ཆེ་རུ་འགྲོ་སྲིད་པས་སྔོན་འགོག་ཚོད་འཛིན་གྱི་སྔོན་ཇུས་འཐུས་སྒོ་ཚང་པོ་ཞིག་བཟོས་ཏེ་ལྟ་ཞིབ་ཚད་ལེན་དང་ཉེན་བརྡ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་གཅིག་གྱུར་སྔོན་འགོག་དང་བཅོས་སྒྲིག་གི་ལས་དོན་སྤེལ་རྒྱུ་ཁྱབ་གདལ་གཏོང་དགོས།

ཧན་ཁྲང་ཧྥུས་མུ་མཐུད་གྲུབ་ཆ་ལེགས་སྒྲིག་བྱེད་དགོས་ཤིང་། ཕག་པ་གསོ་ཚགས་སླར་གསོ་དང་དེང་རབས་ཀྱི་འབྲོག་ལས་གོང་འཕེལ་བྱུང་བ་དང་བསྟུན་ནས་མ་རྨོས་ལོ་ཏོག་འདོན་སྤྲོད་དང་དགོས་མཁོའི་དུས་བབ་སྔར་བས་ཛ་དྲག་ཏུ་འགྲོ་སྲིད་པར་བརྟེན་ལན་ཏའོ་དབན་ས་ཁུལ་གྱི་ལེགས་སྒྲིག་ཕན་འབྲས་སྲ་བརྟན་དུ་གཏོང་བ་དང་། བྱང་ཕྱོགས་ཀྱི་ཞིང་འབྲོག་སྣོལ་འདྲེས་ཁུལ་གྱིས་འབྲུ་རིགས་གཟན་ཆགས་སུ་འགྱུར་བའི་གཞི་ཁྱོན་གཙོ་གནད་དུ་རྒྱ་སྐྱེད་གཏོང་བ།  ལེགས་ལྡན་ཐོན་ལས་ཁུལ་གྱི་མ་རྨོས་ལོ་ཏོག་གི་ཐོན་ནུས་གོང་མཐོར་གཏོང་བ་བཅས་ཀྱི་སྒོ་ནས་རྒྱལ་ཡོངས་ཀྱི་མ་རྨོས་ལོ་ཏོག་གི་རྒྱ་ཁྱོན་གཞི་རྩའི་ཆར་བརྟན་པོ་ཡོང་བའི་འགན་ལེན་བྱེད་དགོས།  སྲན་ཆེན་དར་རྒྱས་ཀྱི་འཆར་གཞི་མུ་མཐུད་ལག་ལེན་བསྟར་ནས་ཆེད་སྤྱོད་ཆུ་འབྲས་དང་གྲོ་སྤུས་ལེགས་འཕེལ་རྒྱས་ཧུར་ཐག་གཏོང་དགོས་ཞེས་བརྗོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།