ཀྲུང་གོ་བོད་ཀྱི་དྲ་བ།

2020ལོའི་རྒྱལ་ཡོངས་ཀྱི་རིག་གནས་དང་། ཚན་རྩལ། འཕྲོད་བསྟེན་བཅས“གཤམ་སྤེལ་གསུམ”གྱི་གཅིག་སྡུད་དཔེ་སྟོན་བྱེད་སྒོ་སྤེལ་འགོ་ཚུགས་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-12-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

9fdf049b-fd71-4aec-af99-993542ae44e2.jpg.1.jpg

འདི་ནི2020ལོའི་རྒྱལ་ཡོངས་ཀྱི་རིག་གནས་དང་། ཚན་རྩལ། འཕྲོད་བསྟེན་བཅས“གཤམ་སྤེལ་གསུམ”གྱི་གཅིག་སྡུད་དཔེ་སྟོན་བྱེད་སྒོའི་འགོ་ཚུགས་མཛད་སྒོའི་ཡུལ་དངོས་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ12ཚེས20ཉིན་གྱི་སྔ་དྲོར། ཧོ་ནན་ཤིན་རྫོང་དུ་གནས་པའི་ཧོ་པེ་དང་། ཧོ་ནན། ཨན་ཧུའེ་སུའུ་ཝེ་ཨེད་གསར་བརྗེའི་རྟེན་གཞི་ཁུལ་གྱི་ལྟེ་བའི་གསར་བརྗེའི་རྟེན་རྫས་བཤམས་མཛོད་ཁང་དུ་མི་ཚོགས་ཀྱིས་ཁེངས་ཤིང་འཁྲུག་ཆ་ཧ་ཅང་དོད། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། ཀྲུང་དབྱང་ཤེས་དཔལ་སྲོལ་གཏོད་གཞུང་དོན་ཁང་། ཧོ་ནན་ཞིང་ཨུད། ཧོ་ནན་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་དེ་གར་མཉམ་འབྲེལ་ཐོག་རྒྱལ་ཡོངས་ཀྱི་རིག་གནས་དང་། ཚན་རྩལ། འཕྲོད་བསྟེན་བཅས“གཤམ་སྤེལ་གསུམ”གྱི་གཅིག་སྡུད་དཔེ་སྟོན་བྱེད་སྒོ་སྤེལ་བ་རེད། དེ་ལས2020ལོའི་རྒྱལ་ཡོངས་ཀྱི“གཤམ་སྤེལ་གསུམ”གྱི་བྱེད་སྒོ་རྒྱལ་ཡོངས་ཀྱི་ས་ཁུལ་ཁག་ཏུ་གཅིག་རྗེས་གཉིས་མཐུད་ངང་སྤེལ་འགོ་ཚུགས་པ་མཚོན་པ་རེད།

དགུན་དུས་ཀྱི་ཉི་འོད་རབ་ཏུ་འཚེར་ཞིང་། ས་གཞི་ཡོངས་ལ་དྲོ་སྐྱིད་སྦྱིན། དྲིལ་བསྒྲགས་དང་། རིག་གནས། ཚན་རྩལ། འཕྲོད་བསྟེན། སློབ་གསོ། ཞིང་ལས། ཁྲིམས་འཛིན་སོགས་སྡེ་ཚན་བཅུ་ལྷག་ཙམ་ནས་ཡོང་བའི་རིགས་གཅིག་མཁས་ཅན་དང་དང་བླངས་པས་དགུན་གྱི་གྲང་ངར་ལ་མ་འཛེམས་པར་ས་གནས་ས་ཐོག་ཏུ་ཞབས་ཞུ་སྣ་ཚོགས་བསྒྲུབས་ཡོད། བྱེད་སྒོ་སྤེལ་ཡུལ་དུ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་དང་། རིག་རྩལ་འཁྲབ་སྟོན། རིགས་གཅིག་མཁས་ཅན་གྱིས་འོས་འགན་སྨན་བཅོས། ཞིང་ལས་ལག་རྩལ་བློ་འདྲི། དཔྱིད་གསར་ཆ་ཡིག་དང་ལོ་གསར་རི་མོ་སྤྲོད་པ། ཚན་རིག་ཁྱབ་གདལ་སོགས་ཀྱི་བྱེད་སྒོ་མཉམ་དུ་སྤེལ་ནས་མང་ཚོགས2000ཙམ་གྱིས་ཁྱིམ་གྱི་སྒོ་རྩ་ནས“གཤམ་སྤེལ་གསུམ”གྱི་སྟབས་བདེ་དང་དྲོ་སྐྱིད་ཚོར་བ་རེད།

“རིགས་གཅིག་མཁས་ཅན་གྱིས་རིན་མེད་ངང་ནད་ལྟ་གི་ཡོད་པས། ངས་བཟའ་ཟླ་འཁྲིད་ནས་རིགས་གཅིག་མཁས་ཅན་ལ་ནད་བསྟེན་པར་ཡོང་བ་ཡིན”ཞེས་རིགས་གཅིག་མཁས་ཅན་གྱི་འོས་འགན་སྨན་བཅོས་བྱ་ཡུལ་དུ་ཤིན་རྫོང་སུའུ་ཧོ་གྲོང་རྡལ་གྱི་ལི་ཀྲེན་ཡུན་གྱིས་གསར་འགོད་པར་བརྗོད།

2020ལོའི“གཤམ་སྤེལ་གསུམ”གྱི་བྱེད་སྒོ་སྤེལ་རིང་ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་བའི་སྤྱིའི་བྱེད་ཕྱོགས་མཐའ་འཁྱོངས་བྱས་ཤིང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི“ཞིང་གསུམ”ལས་དོན་ངེས་པར་ལེགས་སྒྲུབ་བྱེད་པའི་ལྡོག་མེད་ཀྱི་ལས་འགན་དང་བསྡུར་ནས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་བའི་ཁྲོད་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཧུར་ཐག་ཞུགས་རྒྱུའི་སྐུལ་སློང་དང་ལྕག་སྐུལ་བྱས་ཏེ། དུས་རབས་གསར་པའི“ཞིང་གསུམ”ལས་ཀའི་རྣམ་པ་གསར་པ་གཏོད་རྒྱུ་རེད། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་། སློབ་གསོ་པུའུ། ཚན་རྩལ་པུའུ་སོགས་སྡེ་ཚན་13གྱིས་འབྲེལ་ཡོད་ཞིང་ཆེན(རང་སྐྱོང་ལྗོངས)ཁག་གི་སྣེ་ཁྲིད་དེ་གཅིག་སྡུད་དཔེ་སྟོན་བྱེད་སྒོ་སྤེལ་རྒྱུ་ཡིན་པ་དང་། “གཤམ་སྤེལ་གསུམ”གྱི་བྱེད་སྒོ་དེ་སྤུས་ཚད་མཐོ་བའི་སྒོ་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་དམ་འཛིན་བྱ་གཞི་ནུས་ལྡན་དང་ཞིབ་ཕྲའི་བྱ་ཐབས་སུ་འགྱུར་བར་སྐུལ་འདེད་བཏང་སྟེ་གཞི་རིམ་དང་ཞིང་པར་ཞབས་འདེགས་དེ་བས་ལེགས་པོ་ཞུ་རྒྱུ་རེད།

འགོ་ཚུགས་མཛད་སྒོའི་ཐོག་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཀྲུང་དབྱང་ཤེས་དཔལ་སྲོལ་གཏོད་གཞུང་དོན་ཁང་གིས་ཤིན་རྫོང་ལ་དངོས་ཟོག་དང་མ་དངུལ་སྒོར་ཁྲི་820སྤྲད་པ་དང་། ཧོ་ནན་ཞིང་ཆེན་དང་ཤིན་དབྱང་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་ལ་སྒོར་དུང་ཕྱུར་1.2རི་བའི་རྣམ་གྲངས་དང་། མ་དངུལ། དངོས་ཟོག་བཅས་སྤྲད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།