ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་དུས་བཅད་ལྟར་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ལ་ཁ་པར་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་ཉི་ཤུའི་ཉིན་གྱི་དགོང་མོར་དུས་བཅད་ལྟར་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ལ་ཁ་པར་བཏང་།

ཐི་ལིང་ཕུའུ་ཡིས་བསྟན་དོན། ཨ་མེ་རི་ཁ་དང་ཀྲུང་གོའི་བར་ལ་དུས་རིམ་རིམ་རང་བཞིན་གྱི་དཔལ་འབྱོར་ཉོ་ཚོང་གྲོས་མཐུན་ཐེངས་དང་པོ་བཀོད་པ་དེ་ནི་ཨ་མེ་རི་ཁ་དང་ཀྲུང་གོ  ཐ་ན་འཛམ་གླིང་ཡོངས་ལ་མཚོན་ན་དོན་དག་བཟང་བོ་ཞིག་ཡིན་པ་དང་། དེས་ཨ་མེ་རི་ཁ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་ཚོང་ར་དང་འཛམ་གླིང་ཡོངས་ལ་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་ཡོད། ཨ་མེ་རི་ཁ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མཐུན་སྦྱོར་དམ་ཟབ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་གཉིས་བར་ལ་མྱུར་དུ་གྲོས་མཐུན་བཀོད་ནས་ལག་བསྟར་དངོས་འབེབ་བྱེད་པ་བརྩོན་ལེན་བྱེ་འདོད་ཡོད་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཨ་མེ་རི་ཁས་འདྲ་མཉམ་གཉིས་ཕན་དང་ཕན་ཚུན་ལ་བརྩི་བཀུར་བྱེད་པའི་རྨང་གཞིའི་སྟེང་དུས་རིམ་རང་བཞིན་གྱི་དཔལ་འབྱོར་ཉོ་ཚོང་གྲོས་མཐུན་ཐེངས་དང་པོ་བཀོད་པ་རེད། དེང་སྐབས་ཀྱི་རྒྱལ་སྤྱིའི་དཔལ་འབྱོར་ཧ་ཅང་རྙོག་འཛིང་ཡིན་པའི་རྒྱབ་ལྗོངས་འོག་ཏུ། ཀྲུང་གོ་དང་ཨ་མེ་རི་ཁས་འདི་ལྟ་བུའི་གྲོས་མཐུན་བཀོད་པ་དེ་ཀྲུང་གོ་དང་ཨ་མེ་རི་ཁར་ཕན་པར་མ་ཟད། འཛམ་གླིང་ཡོངས་ཀྱི་ཞི་བདེ་འཕེལ་རྒྱས་ལའང་ཕན་པ་ཡོད་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཨ་མེ་རི་ཁའི་བར་ལ་དཔལ་འབྱོར་ཉོང་གི་མཉམ་ལས་སྤེལ་བ་དེས་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བའི་གཏན་འཇགས་འཕེལ་རྒྱས་དང་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ཐད་ལ་བྱས་རྗེས་གལ་ཆེན་བཞག་ཡོད། དེང་རབས་དཔལ་འབྱོར་དང་དེང་རབས་ལག་རྩལ་གྱིས་འཛམ་གླིང་ཡོངས་གཞི་གཅིག་ཏུ་སྦྲེལ་བ་དང་། ཀྲུང་གོ་དང་ཨ་མེ་རི་ཁའི་ཁེ་ཕན་སྔར་ལས་མཉམ་འདྲེས་བྱེད་པར་ཕན་པ་ཡོད་པར་མ་ཟད། ཕྱོགས་གཉིས་ཀྱི་མཉམ་ལས་ཁྲོད་དུ་འགལ་བ་རེ་འགའ་ཡང་མངོན་བཞིན་ཡོད། ཕྱོགས་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་དང་ཨ་མེ་རི་ཁའི་དཔལ་འབྱོར་ཉོང་མཉམ་ལས་ཀྱི་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་པའི་གཙོ་གནད་ཚོད་འཛིན་བཟང་བོ་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་ཕྱོགས་གཉིས་ཀྱི་རྒྱལ་ཁབ་ཀྱི་ལ་རྒྱ་དང་བདག་དབང་། སྲོག་ཤིང་ཁེ་ཕན་བཅས་ལ་བརྩི་བཀུར་བྱེད་པ་ཡིན་ན། ད་གཟོད་མདུན་བསྐྱོད་ཁྲོད་གནས་པའི་དཀའ་ཁག་སྣ་ཚོགས་ལས་རྣམ་པར་རྒྱལ་ཐུབ་པ་དང་། ལོ་རྒྱུས་ཀྱི་ཆ་རྐྱེན་གསར་བའི་འོག་ཏུ་ཀྲུང་གོ་དང་ཨ་མེ་རི་ཁའི་དཔལ་འབྱོར་ཉོ་ཚོང་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཐུབ་ཟེར།

རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ཁྲའོ་ཞན་ཕྱེད་གླིང་གི་གནས་བབ་ཐད་ནས་བསམ་ཚུལ་བརྗེ་རེས་བྱས།

ཞི་ཅིན་ཕིང་གིས་བསྟན་དོན། ཆབ་སྲིད་ཀྱིས་ཐག་གཅོད་པའི་ཕྱོགས་ཆེན་པོ་རྒྱུན་འཁྱོངས་བྱེད་པ་དང་། ཕྱོགས་སོ་སོ་ཁ་ཕྱོགས་ལྟར་འགྲོ་བ། གྲོས་མོལ་ལ་བརྟེན་ནས་གནས་བབ་ཐག་གཅོད་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་བཅས་ནི་ཕྱོགས་སོ་སོའི་ཐུན་མོང་གི་ཁེ་ཕན་དང་མཐུན་ཟེར།

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།