ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་ལྕགས་ལམ་ཚོགས་པས་ད་ལོའི་ཟླ1ནས11བར་དངོས་ཟོག་དབོར་འདྲེན་བྱེད་ཚད་ཏུན་དུང་ཕྱུར30ལྷག་ཙམ་ཟིན་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-12-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  གསར་འགོད་པས་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱས་པར། ད་ལོའི་ཟླ1ནས11བར་རྒྱལ་ཁབ་ལྕགས་ལམ་ཚོགས་པས་དངོས་ཟོག་དབོར་འདྲེན་བྱེད་ཚད་མང་དུ་གཏོང་བའི་བྱ་སྤྱོད་གཏིང་ཟབ་སྤེལ་བས་ལྕགས་ལམ་གྱི་ཟོག་འདྲེན་བྱེད་ཚད་རྒྱུན་མཐུད་ངང་ཆེས་ཆེར་འཕར་ཏེ་རྒྱལ་ཁབ་ལྕགས་ལམ་གྱིས་དངོས་ཟོག་དབོར་འདྲེན་བྱེད་ཚད་ཏུན་དུང་ཕྱུར31.15ཟིན་པ་དེ་དུས་མཚུངས་ལས་ཏུན་དུང་ཕྱུར1.98འཕར་བ་དང་འཕར་ཚད6.8%ཟིན་ཡོད་པ་རེད།

རྒྱལ་ཁབ་ལྕགས་ལམ་ཚོགས་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བས་ངོ་སྤྲོད་བྱས་པར། རྒྱལ་ཁབ་ལྕགས་ལམ་ཚོགས་པའི་དབོར་འདྲེན་ཁེ་ལས་ཁག་གིས་ཁྲོམ་རའི་དགོས་མཁོ་དང་འབྲེལ་མཐུད་དམ་ཟབ་བྱས་ཏེ“གཞུང་ལམ་དབོར་འདྲེན་ནས་ལྕགས་ལམ་དབོར་འདྲེན་དུ་འགྱུར་བའི”དངོས་ཟོག་དབོར་འདྲེན་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་དེར་དང་ལེན་ཧུར་ཐག་བྱས་པས་ལྕགས་ལམ་གྱིས་དངོས་ཟོག་དབོར་འདྲེན་བྱེད་ཚད་རྒྱུན་མཐུད་ངང་ཆེས་ཆེར་འཕར་ཡོད། ལྷག་པར་དུ་ད་ལོའི་ཟླ་11པར་རྒྱལ་ཁབ་ལྕགས་ལམ་ཚོགས་པས་ཉིན་རེར་མེ་འཁོར་གྱིས་དངོས་ཟོག་དབོར་ཐེངས་2བྱེད་པའི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་ཡང་ཡང་བཏོད་དེ་ཉིན་རེར་ཆ་སྙོམས་འཁོར་སྒྲོམ་ཁྲི་16.77ནང་དངོས་ཟོག་བླུགས་ནས་དབོར་འདྲེན་བྱས་པ་དེ་དུས་མཚུངས་ལས་འཁོར་སྒྲོམ་ཁྲི་1.63འཕར་བ་དང་འཕར་ཚད་10.8%ཟིན་པ་དང་། དངོས་ཟོག་སྐྱེལ་ཚད་ཏུན་དུང་ཕྱུར་3.06ཟིན་པ་དང་དེ་དུས་མཚུངས་ལས་ཏུན་ཁྲི་2875འཕར་བ་དང་འཕར་ཚད་10.4%ཟིན་ནས་འདི་ལོ་ནས་བཟུང་ཐེངས་དང་པོ་གྲངས་གནས་གཉིས་འཕར་ཡོད།  ཟླ་11ཚེས་16ཉིན་རྒྱལ་ཁབ་ལྕགས་ལམ་ཚོགས་པའི་ཉིན་རེར་འཁོར་སྒྲོམ་ནང་དངོས་ཟོག་བླུགས་ནས་དབོར་འདྲེན་བྱེད་ཚད་ཁྲི་17གྱི་འགག་སྒོ་ཆེན་པོ་ལས་ལོ་རྒྱུས་ཐོག་གི་ཐེངས་དང་པོ་བརྒལ་ཡོད་པ་རེད།

འགན་འཁུར་བ་དེས། ལྕགས་ལམ་དབོར་འདྲེན་ལ་ལྗང་མདོག་ཁོར་ཡུག་སྲུང་སྐྱོང་དང་ནུས་རྒྱུ་གྲོན་ཆུང་དང་ནུས་ཆེའི་ལེགས་ཆ་ལྡན་ཡོད། ལྕགས་ལམ་ཟོག་འདྲེན་ཚན་པའི་ནུས་རྒྱུའི་ཟད་གྲོན་ནི་གཞུང་ལམ་ཟོག་འདྲེན་གྱི་བདུན་ཆ་གཅིག་ཡིན་པ་དང་ནང་འབར་འཕྲུལ་འཁོར་གྱི་སྦགས་བཙོག་འབུད་ཚད་ནི་གཞུང་ལམ་ཟོག་འདྲེན་གྱི་བཅུ་གསུམ་གྱི་ཆ་གཅིག་ཡིན་པའི་ཁར་གློག་ཤུགས་ཅན་གྱི་ལྕགས་ལམ་ལ་ཧ་ལམ་སྦགས་བཙོག་མེད། པེ་ཅིང་ཐེན་ཅིན་ཧོ་པེ་དང་དེ་བཞིན་མཐའ་འཁོར་ས་ཁུལ་གྱི་ཞིང་ཆེན་དང་གྲོང་ཁྱེར་8ལ་ཆ་མཚོན་ན། 2018ལོ་དང་2019ལོའི“གཞུང་ལམ་དབོར་འདྲེན་ནས་ལྕགས་ལམ་དབོར་འདྲེན་དུ་འགྱུར་བའི”དངོས་ཟོག་དབོར་འདྲེན་བྱེད་ཚད་ཏུན་དུང་ཕྱུར་3གཡས་གཡོན་ཟིན་པ་དེ་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་800ཉུང་དུ་ཕྱིན་པ་དང་མཚུངས་ཞེས་བཤད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།