ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཁྱོན་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་གཙོ་སྐྱོང་གནང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2019-11-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11པའི་ཚེས26ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཅིག་པར་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་སྟེང་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཚུན་གྱི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་གྱི་རིགས་གཞུང་གྲུབ་འབྲས་དང་ལམ་ལུགས་གྲུབ་འབྲས། ལག་ལེན་གྲུབ་འབྲས་བཅས་གོ་རིམ་ལྡན་པའི་སྒོ་ནས་གཅིག་སྡུད་བྱས་ཡོད་པར་མ་ཟད། དུས་རབས་གསར་བའི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཐད་ལ་སྔར་ལས་ལེགས་པའི་རིམ་མཐོའི་ཇུས་འགོད་བྱས་ཡོད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་གཙོ་གནད་དུ་བཟུང་སྟེ། བཅོས་སྒྱུར་ལ་བརྟེན་ནས་རྒྱལ་ཁབ་ཀྱི་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་རང་རྟོགས་རང་བཞིན་ཇེ་དྲག་ཏུ་གཏོང་བ་དང་། ལམ་ལུགས་འཛུགས་སྐྲུན་གྱི་གཙོ་ཐིག་འབུར་དུ་ཐོན་པར་བྱེད་དགོས་པར་མ་ཟད་མུ་མཐུད་དུ་ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱས་ཏེ། བཀོད་སྒྲིག་བྱས་པའི་བཅོས་སྒྱུར་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱས་པའི་གནས་ཚུལ་ལ་ཞིབ་བཤེར་བྱེད་པ་དང་མཉམ་དུ་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཀྱི་ཐེངས་བཞི་བའི་སྟེང་བཀོད་སྒྲིག་བྱས་པའི་བྱེད་ཐབས་གལ་ཆེན་དུས་ཐོག་ཏུ་བྱ་བའི་ཉིན་རེའི་གྲོས་རིམ་དུ་འཇོག་པ་དང་། ཏང་ཀྲུང་དབྱང་གིས་གཏན་འཁེལ་གསལ་བོ་བྱས་པའི་རྒྱལ་ཁབ་བཅོས་སྐྱོང་ལམ་ལུགས་དང་མི་དམངས་ཀྱིས་མཛེས་པའི་འཚོ་བར་བཅངས་པའི་རེ་སྒུག་གསར་བ་ཡོངས་སུ་སྐོང་བའི་ལམ་ལུགས་དམ་འཛིན་བྱེད་པའི་ཐད་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་ནས། བཅོས་སྒྱུར་བྱེད་ཐབས་ཀྱི་མཐུན་སྦྱོར་འབྲེལ་མཐུད་དང་མཉམ་འབྲེལ་མཉམ་བསྲེས་མངོན་འགྱུར་བྱེད་པ་དང་ཕན་འབྲས་ངོ་མ་ཐོབ་པ་འགན་སྲུང་བྱེད་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིས་ཁི་ཆང་དང་ཝང་ཧུའུ་ཉིང་། ཧན་ཀྲིན་བཅས་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ནས་སྔར་ལས་འཐུས་ཚང་ཡིན་པའི་ཚོང་ར་ཅན་གྱི་སྒྲིག་ཆས་སྒྲིག་སྲོལ་རྐྱེན་སྲོལ་གསར་སྐྲུན་བྱེད་པའི་སྐོར་གྱི་བསམ་འཆར་དང་ཞིང་ལས་རྒྱབ་སྐྱོར་སྲུང་སྐྱོབ་ལམ་ལུགས་འཐུས་ཚང་དུ་གཏོང་བའི་སྐོར་གྱི་བསམ་འཆར། རང་རྒྱལ་གྱི་སྨན་རྫས་འགན་སྲུང་ལམ་ལུགས་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་སྐོར་གྱི་བསམ་འཆར། དུས་རབས་གསར་བའི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་ངལ་རྩོལ་སློབ་གསོར་ཁྱོན་ཡོངས་ནས་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར། དེང་རབས་ཁོར་ཡུག་བཅོས་སྐྱོང་མ་ལག་གསར་སྐྲུན་བྱེད་པའི་སྐོར་གྱི་བསམ་འཆར། དུས་རབས་གསར་བའི་སློབ་གསོའི་ལྟ་རྟོག་མཛུབ་སྟོན་སྒྲིག་སྲོལ་རྐྱེན་སྲོལ་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་སྐོར་གྱི་བསམ་འཆར། ཞིང་ལས་ཚན་རྩལ་སྤྱི་ཚོགས་ཅན་གྱི་ཞབས་ཕྱིའི་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར། ཀྲུང་དབྱང་འབྲེལ་ཡོད་ལས་ཁུངས་ཀྱི་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་ཆོད་དོན་ལག་བསྟར་དང་དངོས་འབེབས་བྱེད་པའི་བྱེད་ཐབས་གལ་ཆེན་ལས་བགོས་བྱས་པའི་ཇུས་གཞི། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོགས་གྲོས་ཚོགས་ཐེངས་གསུམ་པའི་ཚུན་ལ་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་བྱས་པར་དཔྱད་འཇོག་བྱས་པའི་སྙན་ཞུ་བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་རྣམས་གྲོས་ཚོགས་ལ་ཞུགས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བ་གྲོས་ཚོགས་ལ་ཟུར་ཞུགས་བྱས། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།