ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཁི་ཆང་གིས་འཛམ་གླིང་དངུལ་ཁང་གི་ཧང་ཀྲང་མཱ་ཨར་ཕ་སི་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2019-11-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11པའི་ཚེས20ཉིན་གྱི་ཕྱི་དྲོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཛམ་གླིང་དངུལ་ཁང་གི་ཧང་ཀྲང་མཱ་ཨར་ཕ་སི་ལ་མཇལ་འཕྲད་གནང་།

1125255348_15742572358041n.jpg

ཟླ11པའི་ཚེས20ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཛམ་གླིང་དངུལ་ཁང་གི་ཧང་ཀྲང་མར་ཕ་སི་དང་མཇལ་འཕྲད་གནང་། 

ལི་ཁི་ཆང་གིས་གསུངས་རྒྱུར། འཛམ་གླིང་དངུལ་ཁང་ནི་གོ་ལ་ཧྲིལ་པོའི་ཆེས་གལ་ཆེ་བའི་ཕྱོགས་མང་འཕེལ་རྒྱས་ཀྱི་ལས་ཁུངས་གལ་ཆེན་ཞིག་ཡིན། ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་དངུལ་ཁང་བར་གྱི་འཕེལ་རྒྱས་འབྲེལ་བར་མཐོང་ཆེན་ཚད་མཐོན་པོ་བྱེད་བཞིན་ཡོད་པ་དང་། མུ་མཐུད་དུ་འཛམ་གླིང་དངུལ་ཁང་དང་མཉམ་དུ་མ་དངུལ་དང་ཤེས་བྱའི་མཉམ་ལས་བརྒྱུད་ནས། ཁོར་ཡུག་སྲུང་སྐྱོབ་དང་སྐྱེ་དངོས་སྣ་མང་རང་བཞིན། དབུལ་ཉུང་འཕེལ་རྒྱས་སོགས་ཁྱབ་ཁོངས་གལ་ཆེན་གྱི་མཉམ་ལས་གཏིང་ཇེ་ཟབ་ཏུ་གཏོང་འདོད་ཡོད་པར་མ་ཟད། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོའི་འདོན་འོས་པའི་རྒྱལ་སྤྱིའི་འགན་འཁྲི་དང་འོས་འགན་ལག་བསྟར་བྱས་ཏེ། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་ལས་དོན་ལ་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ལི་ཁི་ཆང་གིས་བསྟན་དོན། མིག་སྔའི་རྒྱལ་སྤྱིའི་གནས་བབ་རྙོག་འཛིང་ཆེ་བ་དང་འཛམ་གླིང་གི་དཔལ་འབྱོར་མར་ཆག་པའི་གནོན་ཤུགས་ཇེ་ཆེར་སོང་བ་དང་། དཔལ་འབྱོར་དངོས་ཚན་གཙོ་བོའི་དཔལ་འབྱོར་འཕར་ཚད་དལ་དུ་སོང་ཡོད། ཀྲུང་གོའི་དཔལ་འབྱོར་འཛམ་གླིང་དང་གཏིང་ཟབ་འདྲེས་ཡོད་པ་དང་། ང་ཚོས་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བ་དང་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་ནས་ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་མགྱོགས་མྱུར་བསྐྲུན་ནས་ཁྲོམ་རའི་གསོན་ཤུགས་སྔར་བས་འཕེལ་རྒྱས་སུ་གཏོང་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་སོ་སོ་དང་མཉམ་དུ་གཉིས་ཕན་གྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་སྒྲིག་སྲོལ་རྨང་གཞིར་བྱས་པའི་རང་མོས་ཚོང་དོན་སྒྲིག་སྲོལ་སྲུང་སྐྱོང་བྱས་ནས་དཀའ་ངལ་མཉམ་སེལ་གྱིས་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་དང་རང་སོ་སོའི་འཕེལ་རྒྱས་ལ་སྒུལ་ཤུགས་སྣོན་འདོད་ཡོད་ཅེས་གསུངས་པ་རེད།

མཱ་ཨར་ཕ་སིས་གསུངས་རྒྱུར། མིག་སྔར་འཛམ་གླིང་གི་དཔལ་འབྱོར་ལ་འགྲན་སློང་དྲག་པོ་འཕྲད་ཡོད་པས་ཕྱོགས་སོ་སོས་ལག་གདང་སྦྲེལ་ནས་ཁ་གཏད་འཇལ་དགོས། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ལ་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་པ་དང་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ཀྲུང་གོ་སྲིད་གཞུང་གིས་འཕར་སྣོན་མངོན་འགྱུར་དང་། རྒན་རྒོན་ཅན་དུ་འགྱུར་བར་ཁ་གཏད་གཅོག་པ། ཚན་རྩལ་གསར་གཏོད། ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་ཁྱབ་ཁོངས་སུ་འབད་བརྩོན་ལྷོད་མེད་བྱེད་བཞིན་ཡོད་པས་འཛམ་གླིང་དངུལ་ཁང་གིས་ཀྲུང་གོ་ཕྱོགས་དང་མཉམ་དུ་གོང་གསལ་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་གསུངས་པ་རེད།

ཝང་དབྱི། ཧོ་ལི་ཧྥུང་བཅས་མཇལ་འཕྲད་སྟེང་ཞུགས་ཡོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།