ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པ་ཞི་ལི་ཡ་ནས་ཨུ་རི་སིའི་ཙུང་ཐུང་ཕུའུ་ཅིན་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ས་དེའི་དུས་ཚོད་ཟླ་བཅུ་གཅིག་པའི་ཚེས་བཅུ་གསུམ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པ་ཞི་ལི་ཡ་ནས་ཨུ་རི་སིའི་ཙུང་ཐུང་ཕུའུ་ཅིན་ལ་མཇལ་འཕྲད་གནང་། 

ཞི་ཅིན་ཕིང་གིས་བསྟན་དོན། ད་ལོ་ནི་ཀྲུང་གོ་དང་ཨུ་རི་སིའི་འབྲེལ་བ་སྔ་མཐུད་རྗེས་སྐྱོང་དང་མུ་མཐུད་དུ་འཕེལ་རྒྱས་སུ་འགྲོ་བའི་ལོ་གལ་ཆེན་ཞིག་ཡིན། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་བར་ལ་འབྲེལ་བ་བཙུགས་ནས་ལོ་འཁོར་བདུན་ཅུ་ལོར་པར་གཟབ་རྒྱས་ངང་རྟེན་འབྲེལ་ཞུས་པ་དང་། ཕུན་སུམ་ཚོགས་པའི་རིགས་སྣ་ཚོགས་ཀྱི་བྱ་འགུལ་རིམ་པར་སྤེལ་ལ། རྒྱལ་ཁབ་གཉིས་ཀྱི་ས་གནས་བར་གྱི་མཉམ་ལས་བརྗེ་རེས་མི་འགྱངས་པར་རྒྱལ་ཁའི་ངང་མཇུག་བསྡུ་ལ་ཉེ་བ་དང་། ལྷག་པར་དུ་ངེད་གཉིས་ཀྱིས་ཀྲུང་གོ་དང་ཨུ་རི་སིའི་དུས་རབས་གསར་བའི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་རྒྱུ་མཉམ་དུ་ཁྱབ་སྒྲོག་བྱས་པ་དེས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ལོ་རྒྱུས་ཀྱི་མཐོ་ཚད་གསར་བ་ཞིག་ཏུ་སླེབས་པར་དུ་སྐུལ་འདེད་བཏང་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། དུས་རབས་གསར་བར་བྱེད་ཐབས་གསར་བ་དང་འགུལ་སྐྱོད་གསར་བ་ཡོད་དགོས། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་ཐུན་མོང་གིས་འབད་བརྩོན་བྱེད་པ་དང་། རྒྱལ་སྤྱིའི་གནས་བབ་ཀྱི་འཕེལ་རྒྱས་འགྱུར་ལྡོག་དང་ཟུང་འབྲེལ་བྱེད་པ། རང་སོ་སོའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་ཕྱོགས་གཉིས་ཀྱི་མཉམ་ལས་ཀྱི་དགོས་མཁོ་གཞིར་བཟུང་ནས། གསར་གཏོད་གསར་སྐྲུན་བྱེད་པ་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཆུ་ཚད་སྔར་ལས་མཐོན་པོ་ཞིག་ཏུ་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བའི་གནས་བབ་ཧུར་ཐག་གིས་རྒྱུན་འཁྱོངས་བྱེད་པར་སྐུལ་འདེད་བཏང་ནས། རྒྱུན་ཆད་མེད་པར་གྲུབ་འབྲས་གསར་བ་བླངས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་དགོས་པར་མ་ཟད། ས་ཁུལ་དང་འཛམ་གླིང་ལའང་ཕན་ཁེ་བསྐྲུན་དགོས་ཟེར།

ཕུའུ་ཅིན་གྱིས་བསྟན་དོན། ཨུ་རི་སི་དང་ཀྲུང་གོའི་འབྲེལ་སྲ་ཞིང་གཏན་འཇགས་ཡིན་པ་དང་། ཕྱི་ཕྱོགས་ཀྱི་སྟོབས་ཤུགས་གང་གིས་ཀྱང་ཤུགས་རྐྱེན་ཐེབས་མི་སྲིད། ཕྱོགས་གཉིས་ཀྱི་འཕེལ་རྒྱས་ཀྱི་གནས་བབ་ཧ་ཅང་བཟང་ལ་མདུན་ལྗོངས་རྒྱ་ཆེན་པོ་ཡོད། ཨུ་རི་སི་དང་ཀྲུང་གོའི་འབྲེལ་བའི་རྨང་གཞི་ནི་མཛའ་བརྩེ་དང་ཡིད་ཆེས་ཡིན་ལ། ཆབ་སྲིད་ཀྱི་སྟེང་ནས་གཞོགས་འདེགས་དམ་ཟབ་བྱེད་པ་དང་དཔལ་འབྱོར་གྱི་སྟེང་ནས་གཉིས་ཕན་མཉམ་ལས་བྱེད་པ། རྒྱལ་སྤྱིའི་གར་སྟེགས་སྟེང་ནས་མཐུན་སྦྱོར་དམ་ཟབ་བཅས་བྱས་ཏེ། ཁྱོན་ཡོངས་ཀྱི་འཐབ་མཉམ་ལས་ཀྱི་གྲོགས་པོའི་འབྲེལ་བ་དོན་དངོས་སུ་གྱུར་ཡོད་ཟེར།

རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་ད་དུང་ཐུན་མོང་གིས་སེམས་ཁུར་བྱེད་བཞིན་པའི་རྒྱལ་སྤྱིའི་གནད་དོན་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་ནས་བསམ་ཚུལ་བརྗེ་རེས་ཟབ་མོ་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།