ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《དུས་རབས་གསར་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ལག་བསྟར་རྩ་གནད》བཀྲམ་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-11-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ཆར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《དུས་རབས་གསར་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ལག་བསྟར་རྩ་གནད》བཀྲམ་པ་རེད།

《རྩ་གནད》ནང་བསྟན་དོན། རྒྱལ་གཅེས་རིང་ལུགས་ནི་ཀྲུང་ཧྭ་མི་རིགས་ཀྱི་མི་རིགས་ཀྱི་བསམ་བློ་དང་མི་རིགས་ཀྱི་བླ་སྲོག་དང་། ཀྲུང་ཧྭ་མི་རིགས་ཀྱི་བསམ་པའི་རྒྱུ་ནོར་རྩ་ཆེ་ཤོས། ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱིས་མི་རིགས་རང་བཙན་དང་མི་རིགས་ཀྱི་ལ་རྒྱ་སྲུང་སྐྱོང་གི་བསམ་པའི་སྒུལ་ཤུགས་ཆེན་པོ་བཅས་རེད། མིག་སྔར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འདི་ཉིད་དུས་རབས་གསར་པར་སླེབས་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་འགག་རྩའི་དུས་སྐབས་སུ་སླེབས་ཡོད། དུས་རབས་གསར་པར་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་རྒྱུ་དེ་ནི་མི་རིགས་ཀྱི་སྙིང་སྟོབས་ཆེ་རུ་གཏོང་བ་དང་། མི་རིགས་ཡོངས་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུའི་རྒྱལ་ཁ་ཕུ་ཐག་གཅོད་པ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་རླབས་ཆེན་གྱི་རྒྱལ་ཁ་ལེན་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བཅས་ཚང་མར་རྒྱང་རིང་གཏིང་ཟབ་ཀྱི་དོན་སྙིང་ལྡན་ཡོད།

《རྩ་གནད》ནང་བསྟན་དོན། མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པར་བྱེད་དགོས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་རྒྱུ་དེ་མངོན་གསལ་དོད་པའི་བརྗོད་དོན་གཙོ་བོར་བརྩི་རྒྱུ་མཐའ་འཁྱོངས་དང་། ཏང་ལ་དགའ་ཞེན་དང་། རྒྱལ་ཁབ་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་ཕན་ཚུན་གཅིག་གྱུར་ཡོང་བ་མཐའ་འཁྱོངས། མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱ་རྒྱུ་ཤུགས་རྒྱག་སར་བརྩི་རྒྱུ་མཐའ་འཁྱོངས། འཛུགས་སྐྱོང་རྩ་བར་འཛིན་པ་དང་འགག་རྩ་འཛུགས་སྐྲུན་ཡིན་པ་མཐའ་འཁྱོངས། ཀྲུང་གོར་གཞི་ཚུགས་པའི་ཁར་འཛམ་གླིང་ལ་ཁ་ཕྱོགས་རྒྱུ་མཐའ་འཁྱོངས་བཅས་བྱེད་དགོས།

《རྩ་གནད》ནང་ནན་བཤད་བྱས་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས། ཏང་ཡོངས་ལ་དྲག་ཆས་སྤྲོས་པ་དང་མི་དམངས་ལ་སློབ་གསོ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དང་ཀྲུང་གོའི་ཕུགས་འདུན་གྱི་སློབ་གསོ་གཏིང་ཟབ་སྤེལ་བ་དང་། རྒྱལ་བབ་སློབ་གསོ་དང་དུས་བབ་ཀྱི་སྲིད་ཇུས་སློབ་གསོ་གཏིང་ཟབ་སྤེལ་བ། མི་རིགས་ཀྱི་སྙིང་སྟོབས་དང་དུས་རབས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ། ཏང་གི་ལོ་རྒྱུས་དང་། རྒྱལ་ཁབ་ཀྱི་ལོ་རྒྱུས། སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས་བཅས་ཀྱི་སློབ་གསོ་རྒྱ་ཁྱབ་ངང་བཏང་ནས་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཕུལ་བྱུང་རྒྱུན་འཛིན་དང་དར་སྤེལ་གཏོང་བ། མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོར་ཤུགས་སྣོན་རྒྱག་པ། རྒྱལ་ཁབ་ཀྱི་བདེ་འཇགས་སློབ་གསོ་དང་རྒྱལ་སྲུང་སློབ་གསོར་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས།

《རྩ་གནད》ནང་བསྟན་དོན། དུས་རབས་གསར་པར་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དེ་མི་དམངས་ཡོངས་ལ་ཁ་ཕྱོགས་པ་དང་གཞོན་ནུ་ལོ་ཆུང་ལ་དམིགས་ཏེ་སློབ་ཁང་གི་སློབ་ཁྲིད་ཀྱི་ཐབས་ལམ་གཙོ་བོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་སློབ་གྲྭའི་བསམ་བློ་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་ཀྱི་སློབ་ཚན་ཡག་པོ་འཚོགས་པ་དང་། རྒྱལ་གཅེས་རིང་ལུགས་ཀྱི་དཔེ་སྐྲུན་དངོས་པོ་འདོན་རྒྱུ་སྒྲིག་འཛུགས་བྱེད་པ། ལག་ལེན་གྱི་བྱེད་སྒོ་རྒྱ་ཁྱབ་ངང་སྒྲིག་འཛུགས་དང་སྤེལ་བ། རྒྱ་ཆེའི་ཤེས་ཡོན་ཅན་གྱི་ཁྲོད་དུ་རྒྱལ་གཅེས་འབད་འཐབ་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། སྤྱི་ཚོགས་ལས་རིགས་ཁག་གི་མི་སྣའི་རྒྱལ་གཅེས་ཀྱི་སྤྲོ་སེམས་འཕེལ་བ་བཅས་བྱེད་དགོས།

《རྩ་གནད》ནང་བསྟན་དོན། དུས་རབས་གསར་པའི་རྒྱལ་གཅེས་རིང་ལུགས་སློབ་གསོའི་ལག་ལེན་གྱི་གཞི་རྟེན་ཕུན་སུམ་ཚོགས་སུ་གཏོང་བ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་དང་རྒྱལ་སྲུང་གི་སློབ་གསོའི་རྟེན་གཞི་འཛུགས་སྐྲུན་དང་བེད་སྤྱོད་ཡག་པོ་གཏོང་བ། མཛད་སྒོ་དང་གུས་ལུགས་སྤྱོད་རྒྱུར་སྣང་ཆེན་བྱེད་པ། སྤྱི་ཚོགས་ཡོངས་སུ“དུས་གཅིག་ཏུ་རྒྱལ་དར་སྒྲེང་བ་དང་། དུས་གཅིག་ཏུ་རྒྱལ་གླུ་ལེན་པའི”བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བ། རྩ་ཁྲིམས་ཀྱི་དམ་འཇོག་མཛད་སྒོ་དང་། ཏང་ནང་ཞུགས་པ། སྡེ་ཚོགས་ནང་ཞུགས་པ། ལོ་ཆུང་གདོང་ལེན་རུ་ཁག་ནང་ཞུགས་པ་སོགས་ཀྱི་མཛད་སྒོ་སྒྲིག་འཛུགས་ནན་ཏན་བྱེད་དགོས། དྲན་གསོའི་བྱེད་སྒོ་གལ་ཆེན་སྒྲིག་འཛུགས་བྱས་ནས། དྲན་གསོའི་ཉིན་མོ་གལ་ཆེན་དང་ལོ་རྒྱུས་ཀྱི་དོན་རྐྱེན་གལ་ཆེན་ནང་གི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ཐོན་ཁུངས་སྔོག་འདོན་གང་ལེགས་བྱེད་པ་དང་། རྟེན་འབྲེལ་དང་དྲན་གསོའི་བྱེད་སྒོ དེ་བཞིན་མང་ཚོགས་རང་བཞིན་གྱི་བརྗོད་དོན་གཙོ་བོའི་སློབ་གསོ་སོགས་རབ་དང་རིམ་པ་སྒྲིག་འཛུགས་བྱས་ནས་སྤེལ་དགོས། སྲོལ་རྒྱུན་དང་དེང་རབས་དུས་ཆེན་གྱི་དགེ་མཚན་འདོན་སྤེལ་གང་ལེགས་ཀྱིས་ཀྲུང་གོའི་སྲོལ་རྒྱུན་དུས་ཆེན་དར་རྒྱས་གཏོང་བའི་འདུ་འགོད་ལག་བསྟར་ཤུགས་ཆེན་བྱས་ཏེ“ང་ཚོའི་དུས་ཆེན”གྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་གཏིང་ཟབ་ཏུ་གཏོང་དགོས། རང་བྱུང་དང་མི་ཆོས་རིག་གནས་ཀྱི་མཛེས་ལྗོངས་དང་འདུ་འགོད་གལ་ཆེན་ལ་བརྟེན་ནས་སློབ་གསོ་གཏོང་དགོས།

《རྩ་གནད》ནང་བསྟན་དོན། དུས་རབས་གསར་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྣམ་པ་ཟབ་མོ་ཞིག་གཏོད་པ་དང་། ཚགས་པར་དང་། དུས་དེབ། རླུང་འཕྲིན། བརྙན་འཕྲིན། གློག་བརྙན་སོགས་ཀུན་ཁྱབ་སྨྱན་སྦྱོར་གང་ལེགས་སྤྱོད་པ། སྔོན་ཐོན་དཔེ་མཚོན་གྱི་སྣེ་ཁྲིད་ནུས་པ་འདོན་པ། ཕུལ་བྱུང་གི་རིག་རྩལ་བརྩམས་ཆོས་གསར་རྩོམ་བྱེད་པ་བཅས་བྱས་ནས་དུས་རབས་ཀྱི་མཛེས་རིས་འབྲི་བ་དང་། དུས་རབས་ཀྱི་ལོ་རྒྱུས་རྩོམ་པ། དུས་རབས་ཀྱི་སྤྱོད་བཟང་འཛུགས་པ་བཅས་བྱས་ནས་ཀྲུང་གོའི་དེང་རབས་ཀྱི་རྩོམ་རིག་སྒྱུ་རྩལ་གསར་རྩོམ་གྱི་འདུ་འགོད་དང་ལོ་རྒྱུས་ཀྱི་བརྗོད་གཞི་གལ་ཆེན་གསར་རྩོམ་གྱི་འདུ་འགོད་སོགས་ལག་ལེན་གཏིང་ཟབ་བསྟར་དགོས། དྲ་སྦྲེལ་གྱི་རྒྱལ་གཅེས་རིང་ལུགས་ཀྱི་དབྱངས་རྟ་གཙོ་བོ་མཐོན་པོར་ལེན་པ་དང་། ཧུར་སྐྱེད་ཡར་བརྩོན་དང་། སྒོ་དབྱེ་བསྟུན་མཁས། དཔྱོད་ཤེས་ཞི་ལྷོད་བཅས་ཀྱི་རྒྱལ་དམངས་ཀྱི་བསམ་བློའི་འཁྱེར་སོ་གསོ་སྐྱོང་བྱེད་པ། ལམ་ལུགས་དང་ཁྲིམས་སྐྱོང་གི་འགན་སྲུང་བྱ་ཤུགས་ཆེ་རུ་གཏོང་བ། རྒྱལ་གླུ་དང་། རྒྱལ་དར། རྒྱལ་རྟགས་སོགས་རྒྱལ་ཁབ་ཀྱི་མཚོན་བྱེད་དང་མཚོན་རྟགས་ལ་བརྩི་བཀུར་མི་ཞུ་བ་དང་། སྔོན་གཤེགས་དཔའ་བོའི་མིང་དང་། གཟུགས་བརྙན། མཚན་སྙན། སྙན་གྲགས་སོགས་ལ་གནོད་འཚེ་གཏོང་བ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སྤེལ་ཡུལ་གྱི་སྒྲིག་བཀོད་ལ་གཏོར་བཤིག་དང་བཙོག་སྐྱོན་གཏོང་བ། བཙན་འཛུལ་དམག་འཁྲུག་དང་བཙན་འཛུལ་བྱེད་སྤྱོད་ལ་འུད་སྒྲོག་དང་མཛེས་བཟོ་བྱེད་པ་སོགས་ལ་བཅའ་ཁྲིམས་དང་གཏན་འབེབས་བཞིན་ཐག་གཅོད་ནན་པོ་བྱེད་དགོས།

《རྩ་གནད》ནང་ད་དུང་དུས་རབས་གསར་པར་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་རྩ་གནད་དེ་གཞིར་བཟུང་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་ཞིབ་ཕྲའི་བྱ་ཐབས་བཟོས་ཏེ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ལས་འགན་ཁག་གི་བླང་བྱ་དམིགས་སར་དོན་འཁྱོལ་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།