ཀྲུང་གོ་བོད་ཀྱི་དྲ་བ།

སྡེ་ཚན་བཞིས་མཉམ་འབྲེལ་ཐོག་བྱ་ཐབས་བཏོན་ནས་ཞིང་པ་ལས་མིའི་གླ་ཆ་འགན་ལེན་བྱ་རྒྱུ་ཡིན་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-11-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞིང་པ་ལས་མིའི་ངལ་རྩོལ་ཐོབ་ཆའི་དབང་ཆ་འགན་ལེན་བྱ་རྒྱུ་ནི་རྒྱ་ཆེའི་ཞིང་པ་ལས་མིའི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པ་ཞིག་རེད། ཚེས་30ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་ཡོངས་བསྒྲགས་ཚོགས་འདུའི་ཐོག རྒྱལ་སྲིད་སྤྱི་ཁྱབ་ཁང་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་གནད་དོན་རྩ་བཅོས་ལས་དོན་འགོ་ཁྲིད་ཚོགས་ཆུང་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། སྤྱི་བདེ་པུའུ་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བས་རྐང་བཙུགས་ནས་གླ་ཆ་མི་སྤྲོད་པའི་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་ལས་དོན་གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད།

སྡེ་ཚན་བཞིས་མཉམ་དུ་བྱ་ཐབས་བཏོན་ནས་ངལ་རྩོལ་ཐོབ་ཆ་མི་སྤྲོད་པའི་བྱེད་སྤྱོད་ལ་ཁྲིམས་ལྟར་ཉེས་ཆད་གཅོད་རྒྱུ།

ཚོགས་འདུའི་ཐོག་ངོ་སྤྲོད་བྱས་དོན། ངལ་རྩོལ་ཐོབ་ཆ་མི་སྤྲོད་པའི་བྱེད་སྤྱོད་ལ་ཁྲིམས་ལྟར་ཉེས་ཆད་གཅོད་པ་དང་། རྐང་བཙུགས་ནས་གླ་ཆ་མི་སྤྲོད་པའི་ཉེས་གསོག་ལ་རྡུང་རྡེག་ནན་པོ་གཏོང་ཆེད། རང་རྒྱལ་གྱིས་སྔ་རྗེས་སུ་བཅའ་ཁྲིམས་ཁྲིམས་སྲོལ་དང་སྲིད་ཇུས་བྱེད་ཐབས་རབ་དང་རིམ་པ་བཏོན་པ་དང་། ལྟ་ཞིབ་ཁྲིམས་འཛིན་དང་ཉེས་དོན་ཁྲིམས་འཛིན་གྱི“ཐད་གཏོང་རླངས་འཁོར”ཧུར་ཐག་བཏོད་དེ་ངལ་རྩོལ་ཐོབ་ཆ་མི་སྤྲོད་པའི་ཉེས་གསོག་དོགས་ཡོད་གྱོད་གཞི་དུས་ཐོག་ཏུ་ཁྲིམས་འཛིན་གོ་རིམ་ནང་འཇུག་རྒྱུར་སྐུལ་འདེད་ནུས་ལྡན་གཏོང་རྒྱུ་རེད།

“ངལ་རྩོལ་ཐོབ་ཆ་མི་སྤྲོད་པའི་ཉེས་གསོག་བྱེད་སྤྱོད་རྩད་གཅོད་བྱེད་པར། སྡེ་ཚན་བཞིས་རང་སོ་སོའི་འགན་འཁྲི་ལག་བསྟར་ཡག་པོ་བྱེད་དགོས་ལ་ཕན་ཚུན་གཞོགས་འདེགས་ཀྱང་བྱེད་དགོས”ཞེས་རྒྱལ་སྲིད་སྤྱི་ཁྱབ་ཁང་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་གནད་དོན་རྩ་བཅོས་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་ཝང་ཁྲེང་གིས་བརྗོད། 2014ལོར་སྡེ་ཚན་བཞིས《ངལ་རྩོལ་ཐོབ་ཆ་མི་སྤྲོད་པའི་ཉེས་གསོག་དོགས་ཡོད་གྱོད་གཞིའི་ཐག་གཅོད་སྦྲེལ་མཐུད་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བརྡ་ཐོ》བཏང་ནས་སྐྱེལ་སྤྲོད་ཚད་གཞི་དང་སྐྱེལ་སྤྲོད་གོ་རིམ་ཚད་ལྡན་དུ་བཏང་སྟེ། ལག་ལེན་ཁྲོད་ནས་དངོས་སུ་དཔང་རྟགས་རག་པ་དང་། ཉེས་གསོག་དོགས་ཅན“བྲོས་བྱོལ་དུ་སོང་བ” གླ་ཆ་སྤྲོད་རྒྱུའི་ཡིག་ཆ་སྤྲོད་པ། སྐྱེལ་སྤྲོད་ཚད་གཞི་སོགས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་བྱས་པ་རེད།

མི་སྤྱོད་ཚན་པའི་ཁྲིམས་འགལ་གྱི་མ་གནས་མཐོ་བས་ཁྱབ་ཁོངས་མང་པོ་ནས་ཚོད་འཛིན་ཕོག་པ།

སྤྱི་བདེ་པུའི་བདེ་འཇགས་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཁྱིམ་ལས་དོ་དམ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་གཅིག་ལྕོགས་ཧོང་ཧྲོང་ཆོན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། གླ་ཆ་འགྱངས་ཆད་ཀྱི་ཉེས་པ་བསགས་ནས་བྲོས་བྱོལ་དུ་སོང་བའི་ཉེས་གསོག་དོགས་ཅན་ལ་ཆ་མཚོན་ན། སྤྱི་བདེ་ལས་ཁུངས་ཀྱིས་འཕྲལ་དུ་དྲ་ཐོག་ནས་བྲོས་འདེད་བྱས་ཏེ་བྱ་ཐབས་ནུས་ལྡན་སྤྱོད་པ་དང་རྗེས་འདེད་འཛིན་བཟུང་བྱེད་ཤུགས་ཆེ་རུ་བཏང་ནས་གང་མགྱོགས་འཛིན་བཟུང་དང་ཁྲིམས་ལ་སྦྱོར་རྒྱུ་རེད། དེ་དང་ཆབས་ཅིག“དངུལ་འདེད”འདུ་ཤེས་ཟབ་ཏུ་བཏང་ནས་ཁྲིམས་ལྟར་གྱོད་འབྲེལ་རྩིས་ཁྲ་དང་རྒྱུ་ནོར་དུས་ཐོག་ཏུ་རྩད་གཅོད་དང་། དམ་བཅད། བཀག་འཇོག་བཅས་བྱས་ཏེ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་ཞིང་པ་ལས་མིར་དུས་འགྱངས་ཆད་ལུས་བྱས་པའི་གླ་ཆ་འདེད་རོགས་བྱས་ཏེ་དཔལ་འབྱོར་གྱི་གྱོང་གུན་མི་ཕོག་པ་བྱས་ཡོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2015ལོ་ནས་2019ལོའི་ཟླ་བདུན་པའི་བར། རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱིས་ངལ་རྩོལ་ཐོབ་ཆ་མི་སྤྲོད་པའི་ཉེས་དོན་གྱོད་གཞི་ཁྲི་1.4གྱོད་ཁོངས་སུ་བཅུག་ནས་མྱུལ་ཞིབ་ཐག་གཅོད་བྱས་ཡོད།

2017ལོར། རང་རྒྱལ་གྱིས་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་བྱེད་མཁན་གྱི“མིང་ཐོ་ནག་པོའི”ལམ་ལུགས་གཏན་འཁེལ་བྱས་པ་དང་། “མིང་ཐོ་ནག་པོའི”ནང་བཅུག་པའི་མི་སྤྱོད་ཚན་པ་ཁག་གི་མིག་སྔའི་གནས་ཚུལ་ཇི་ལྟར་ཡོད་དམ།

“ཁེ་ལས་དེ་དག་ལ་གཏན་འབེབས་གཞིར་བཟུང་ཁྱབ་ཁོངས་མང་པོ་ནས་ཚོད་འཛིན་ཕོག་ཡོད་ཅེས་ཁ་གསལ་བརྗོད་ཆོག”ཅེས་ཝང་ཁྲེང་གིས་ངོ་སྤྲོད་བྱས། “མིང་ཐོ་ནག་པོ”དེ་དག་གི་མཉམ་འབྲེལ་གཅུན་འདོམས་ལ་ཞུགས་མཁན་གྲས་སུ་ཁྱོན་སྡེ་ཚན་30ཡོད་པ་དང་། ཁེ་ལས“མིང་ཐོ་ནག་པོའི”ནང་བཅུག་རྗེས་འོས་སྐུལ་འོས་དཔོད་དང་། ཡིད་རྟོན་གདེང་འཇོག་སོགས་ཁྱབ་ཁོངས་ཚང་མར་ཤུགས་རྐྱེན་ངན་པ་ཕོག་སྲིད།

ཟླ་11པ་ནས་བཟུང་དམིགས་བསལ་གྱི་བྱ་ཐབས་སྤྱད་དེ་2020ལོའི་དཔྱིད་གསར་དུས་ཆེན་གོང་དུ“གཙང་སེལ་གཉིས”བྱ་རྒྱུ།

ཝང་ཁྲེང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཟླ་11ཚེས་15ཉིན་ནས་2020ལོའི་དཔྱིད་གསར་དུས་ཆེན་གོང་དུ། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་གླ་ཆ་འགྱངས་ཆད་ཀྱི་གནད་དོན་རྩ་བཅོས་བྱེད་པའི་དགུན་དུས་ཀྱི་འགག་སྒྲོལ་བྱ་སྤྱོད་སྒྲིག་འཛུགས་བྱས་ནས་སྤེལ་རྒྱུ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་འགག་སྒྲོལ་བྱ་སྤྱོད་ཀྱི་ཁྲིམས་སྐྱོང་ཁྱབ་ཁོངས་སུ། ཞིང་པ་ལས་མི་མང་པོ་བསྡུས་པའི་ལས་གྲྭ་འཛུགས་སྐྲུན་ཁྱབ་ཁོངས་དང་ངལ་རྩོལ་གཅིག་སྡུད་ཆེ་བའི་ལས་སྣོན་བཟོ་སྐྲུན་ལས་རིགས་སོགས་ཚུད་ཡོད། ས་ཁུལ་ཁག་གིས་མི་སྤྱོད་ཚན་པར་མི་སྤྱོད་ཚན་པའི་གླ་ཆ་སྤྲོད་པའི་གནས་ཚུལ་ལ་གཅིག་སྡུད་ཐོག་གྲལ་བཤེར་བཅོས་སྒྲིག་བྱ་རྒྱུའི་མཛུབ་ཁྲིད་བྱས་ཏེ་གླ་ཆ་འགྱངས་ཆད་ཀྱི་གནས་ཚུལ་ཐོན་པའི་གྱོད་གཞི་རྙིང་པ་གཙང་སེལ་བྱས་ཁར། གླ་ཆ་སླར་ཡང་འགྱངས་ཆད་མཐའ་གཅིག་ཏུ་སྔོན་འགོག་བྱ་རྒྱུ་དང་། རྩད་ཆོད་མཐའ་གསལ་བྱུང་བའི་ཁྲིམས་འགལ་བྱ་སྤྱོད་ལ“གཙང་སེལ་གཉིས”ཐུབ་པར་བྱས་ནས་2019ལོའི་ཟླ་10པའི་ཟླ་མཇུག་གོང་དུ་ཐོན་པའི་གླ་ཆ་འགྱངས་ཆད་ཀྱི་གྱོད་གཞི་དག་2019ལོའི་ལོ་མཇུག་གོང་དུ་ཚང་མ་གཙང་སེལ་བྱ་རྒྱུ། གླ་ཆ་སླར་ཡང་འགྱངས་ཆད་བྱས་པའི་གྱོད་གཞི་གཞན་དག་2020ལོའི་དཔྱིད་གསར་དུས་ཆེན་གོང་དུ་དུས་ཐོག་དང་གནས་ཚུལ་ཐོན་རིམ་བཞིན་གཙང་སེལ་བྱས་ནས་གནས་ཚུལ་གཅིག་ཐོན་ཚེ་དེ་ཐག་གཅོད་བྱ་རྒྱུ་རེད། རང་བཤེར་དང་གྲལ་བཤེར་ཁྲོད་ཤེས་རྟོགས་བྱུང་བའི་ངལ་རྩོལ་གླ་ཆ་མི་སྤྲོད་པའི་ཉེས་གསོག་དོགས་ཡོད་གྱོད་གཞི་དང་ངལ་རྩོལ་གླ་ཆ་འགྱངས་ཆད་བྱས་ནས་བྲོས་བྱོལ་དུ་སོང་བའི་གྱོད་གཞིའི་རིགས་ལ། སྡེ་ཚན་བཞིས་ཆད་གཅོད་ཀྱི་བྱ་ཐབས་ནན་པོ་སྤྱད་དེ་རྐང་བཙུགས་ནས་གླ་ཆ་འགྱངས་ཆད་བྱེད་པའི་གྱོད་གཞི་བཀག་འགོག་མཐའ་གཅིག་ཏུ་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།