ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱིས2022ལོར་རྫོང་གཉེར་ཀྲུང་ལུགས་གསོ་རིག་སྨན་བཅོས་སྒྲིག་གཞི་ཁྱོན་ཡོངས་ལ་ཁྱབ་རྒྱུ་ཡིན་པ་གསལ་བཏོན་བྱས་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-10-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིན་ཤས་གོང་ཡོངས་བསྒྲགས་བྱས་པའི《ཀྲུང་ལུགས་གསོ་རིག་རྒྱུན་འཛིན་དང་གསར་གཏོད་འཕེལ་རྒྱས་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར》ནང་འཁོད་དོན། 2022ལོར་རྫོང་གཉེར་ཀྲུང་ལུགས་གསོ་རིག་སྨན་བཅོས་སྒྲིག་གཞི་ཁྱོན་ཡོངས་ལ་ཁྱབ་རྒྱུ་གཞི་རྩའི་ཆ་ནས་མངོན་འགྱུར་བྱས་ཏེ། སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་དང་ཤང་གྲོང་འཕྲོད་བསྟེན་ཁང་ཡོངས་ལ་ཀྲུང་ལུགས་གསོ་རིག་ཁང་འཛུགས་པ་དང་ཀྲུང་ལུགས་གསོ་རིག་སྨན་པ་བཀོད་སྒྲིག་གང་ཐུབ་བྱ་རྒྱུ་རེད།

ཀྲུང་ལུགས་གསོ་རིག་ནི་མང་ཚོགས་ཚོས་ཧ་ཅང་དགའ་པོ་བྱེད་པའི་ལུས་གསོ་བདེ་སྲུང་དང་ནད་གཞི་བཅོས་ཐབས་ཤིག་རེད། ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱིས་གཞི་རིམ་གྱི་གསོ་རིག་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བའི་འདུ་འགོད་སོགས་ཀྱི་བྱ་ཐབས་བཏོན་ནས། ཀྲུང་ལུགས་གསོ་རིག་ཞབས་ཞུ་འཐུས་སྒོ་ཚང་དུ་བཏང་ཞིང་། གསར་འགོད་པར་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར། 2018ལོའི་ལོ་མཇུག་བར། རྒྱལ་ཡོངས་ཀྱི་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་98.5%དང་ཤང་གྲོང་འཕྲོད་བསྟེན་ཁང་97.0 %ནས་ཀྲུང་ལུགས་གསོ་རིག་ཞབས་ཞུ་མཁོ་འདོན་ཐུབ་ཀྱི་ཡོད་པ་མ་ཟད། ཀྲུང་ལུགས་གསོ་རིག་ཞབས་ཞུའི་མ་ལག་རིམ་བཞིན་འཐུས་སྒོ་ཚང་དུ་བཏང་བ་དང་། རྒྱལ་ཡོངས་ཀྲུང་ལུགས་གསོ་རིག་སྨན་བཅོས་སྒྲིག་གཞི་ཁྲི་6ལྷག་མང་དུ་བཏང་བ། ཀྲུང་ལུགས་གསོ་རིག་སྨན་བཅོས་སྒྲིག་གཞིའི་ཉལ་ཁྲི་ཁྲི་120ཟིན་པ་བཅས་རེད།

ཀྲུང་ལུགས་གསོ་རིག་ཞབས་ཞུའི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་གཏོང་ཕྱིར། བསམ་འཆར་ནང་འཁོད་དོན། ཀྲུང་ལུགས་གསོ་རིག་སྨན་བཅོས་ཁང་དང་། སྒོ་བསྟེན་སྨན་ཁང་། ཁྱད་ལྡན་ཆེད་ལས་སྨན་ཁང་བཅས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་རྒྱུད་འབྲེལ་གཉེར་སྐྱོང་ལ་སྐུལ་ལྕག་གཏོང་བ་དང་སྦྲགས། མི་སེར་གྱི་ནད་བརྟག་སྨན་བཅོས་ལ་སྟབས་བདེ་ཡོང་ཕྱིར། “དྲ་སྦྲེལ་དང་ཀྲུང་ལུགས་གསོ་རིག་བདེ་ཐང་ཞབས་ཞུ་ཟུང་འབྲེལ”བྱ་སྤྱོད་སྤེལ་བ་དང་། ཀྲུང་ལུགས་གསོ་རིག་གི་གློག་རྡུལ་ནད་ཐོ་དང་སྨན་ཐོ་སོགས་གཙོ་གནད་དུ་བྱས་པའི་རྨང་གཞིའི་གྲངས་གཞིའི་མཛོད་འཛུགས་པ། སྨན་བཅོས་སྒྲིག་གཞིར་བརྟེན་ནས་དྲ་རྒྱའི་ཀྲུང་ལུགས་གསོ་རིག་སྨན་ཁང་འཕེལ་རྒྱས་ལ་སྐུལ་ལྕག་གཏོང་བ། ཀྲུང་ལུགས་གསོ་རིག་གི་རིག་ནུས་གཞོགས་འདེགས་བརྟག་བཅོས་མ་ལག་གསར་སྤེལ་བཅས་བྱས་ཏེ། དྲ་ཐོག་དང་དྲ་ཕྱི་གཞི་གཅིག་ཅན་གྱི་ཞབས་ཞུ་དང་རྒྱང་ཁྲིད་སྨན་བཅོས་ཞབས་ཞུ་སྤེལ་བར་སྐུལ་སྤེལ་གཏོང་རྒྱུ་ཡིན་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།