སྐབས་བཅུ་པའི་རྒྱལ་ཡོངས་བོད་ལུགས་གསོ་རིག་མཐོ་རིམ་ཟབ་སྦྱོང་འཛིན་གྲྭའི་དབུ་ཚུགས་མཛད་སྒོ་པེ་ཅིན་དུ་སྤེལ་བ།

1.jpg

དབུ་ཚུགས་མཛད་སྒོའི་ཡུལ་དངོས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10ཚེས17ཉིན་གྱི་སྔ་དྲོ། སྐབས་བཅུ་པའི་རྒྱལ་ཡོངས་བོད་ལུགས་གསོ་རིག་མཐོ་རིམ་ཟབ་སྦྱོང་འཛིན་གྲྭའི་དབུ་ཚུགས་མཛད་སྒོ་པེ་ཅིན་བོད་ལུགས་སྨན་ཁང་དུ་སྤེལ། ཟབ་སྦྱོང་འཛིན་གྲྭ་ནི་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་གཙོ་སྒྲུབ་བྱས་ཤིང་། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཚན་རིག་ཞིབ་འཇུག་ཁང་དང་། པེ་ཅིན་བོད་ལུགས་སྨན་ཁང་། བོད་ལུགས་གསོ་རིག་སྨན་རྫས་ཁང་བཅས་མཉམ་འབྲེལ་ངང་རོགས་སྒྲུབ་བྱས། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་དགྲ་འདུལ་དང་། རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་དོ་དམ་ཅུས་སྨན་སྲིད་སྐོར་ཞིབ་པ་མེང་ཆིང་པིང་དང་། པེ་ཅིན་གྲོང་ཁྱེར་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་ཚན་སློབ་ཁྲུའུ་ཡི་ཁྲུའུ་ཀྲང་ཝང་ཧུའུ་ལིན་དང་། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་པེ་ཅིན་བོད་ལུགས་སྨན་ཁང་གི་འགོ་འཛིན་སྒྲོལ་དཀར་སྐྱབས། ཚན་ཞིབ་ཁང་གི་ཀྲུའུ་རེན་གཞོན་པ་ལི་ཙུའོ་ཐའེ། བོད་ལུགས་གསོ་རིག་སྨན་རྫས་ཞིབ་འཇུག་ཁང་གི་འགོ་འཛིན་གཞོན་པ་ནོར་བུ་བཀྲ་ཤིས་བཅས་འགོ་ཁྲིད་དང་སྐུ་མགྲོན་རྣམས་དབུ་ཚུགས་མཛད་སྒོ་ལ་ཞུགས་འདུག 

2.jpg

ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་དགྲ་འདུལ།    

    ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་ཟབ་སྦྱོང་འཛིན་གྲྭའི་སློབ་ཡུན་ཉིན7ཡིན་ཞིང་། བོད་ལྗོངས་ཀྱི་གྲགས་ཆེ་བའི་དགེ་རྒན་ཆེན་མོ་དགའ་བའི་རྡོ་རྗེས《དེལ་དམར་པཎ་ཆེན་ལག་ལེན་ཀུན་གསལ་སྣང་མཛོད།》ཞེས་པ་སློབ་ཁྲིད་གནང་རྒྱུ་དང་། བོད་ལྗོངས་དང་མཚོ་སྔོན། སི་ཁྲོན། ཀན་སུའུ། ཡུན་ནན། ནང་སོག  དེ་བཞིན་དུ་པེ་ཅིན་བཅས་ནས་ཕེབས་པའི་སློབ་མ་ཁྱོན་150ཟབ་སྦྱོང་ལ་ཞུགས་འདུག 
    དབུ་ཚུགས་མཛད་སྒོ་ནི་པེ་ཅིན་བོད་ལུགས་སྨན་ཁང་གི་ཚན་སློབ་ཁྲུའུ་ཡི་ཁྲུའུ་ཀྲང་ཇོ་སྐྱབས་ཚེ་རིང་གིས་གཙོ་སྐྱོང་གནང་བ་དང་། གཙོ་སྒྲུབ་ཕྱོགས་ཀྱི་འཐུས་ཚབ་པས་དགེ་རྒན་དགའ་བའི་རྡོ་རྗེ་ལ་ཆེད་མངགས་གདན་ཞུས་ཡི་གེ་ཕུལ་ཞིང་། ཟབ་སྦྱོང་ལ་ཞུགས་པའི་སློབ་མའི་འཐུས་ཚབ་ཀྱིས་དགེ་རྒན་ཆེན་མོ་དགའ་བའི་རྡོ་རྗེ་ལ་ཁ་བཏགས་ཕུལ། སྨན་ཁང་གི་འགོ་འཛིན་སྒྲོལ་དཀར་སྐྱབས་དང་། སྐོར་ཞིབ་པ་མེང་ཆིང་པིང་། སྤྱི་ཁྱབ་ལས་འཛིན་དགྲ་འདུལ་གྱིས་སྔ་རྗེས་སུ་གསུངས་བཤད་གནང་། 

3.jpg

དགེ་རྒན་ཆེན་མོ་དགའ་བའི་རྡོ་རྗེ།

སྨན་ཁང་གི་འགོ་འཛིན་སྒྲོལ་དཀར་སྐྱབས་ཀྱིས་འགོ་ཁྲིད་རྣམས་དང་། དགེ་རྒན་དགའ་བའི་རྡོ་རྗེ། དེ་བཞིན་དུ་ཟབ་སྤྱོང་ལ་ཞུགས་པའི་སློབ་མ་ཡོངས་ཕེབས་པར་དགའ་བསུ་ཞུས་པ་དང་། དེ་སྔའི་ཟབ་སྦྱོང་འཛིན་གྲྭའི་གནས་ཚུལ་དང་གྲུབ་འབྲས་གཙོ་བོ། དེ་བཞིན་དུ་པེ་ཅིན་བོད་སྨན་ཁང་གི་འཕེལ་རྒྱས་དང་འཛུགས་སྐྲུན་གྱི་གནས་ཚུལ་ངོ་སྤྲོད་བྱས། 

སྐོར་ཞིབ་པ་མེང་ཆིང་པིང་གིས་གསུངས་བཤད་ནང་ནན་བཤད་གནང་དོན། དུས་རབས་གསར་པའི་གྲངས་ཉུང་མི་རིགས་ཀྱི་གསོ་རིག་ལས་དོན་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་ལུགས་གསོ་རིག་ལས་དོན་དང་མི་རིགས་ལས་དོན་སྐོར་གྱི་མུ་འབྲེལ་དགོངས་དོན་གཙོ་བོ་ལག་བསྟར་གཏིང་ཟབ་བྱེད་དགོས་པ་དང་། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། འཕེལ་རྒྱས་ནུས་ཤུགས་གཅིག་ཏུ་བསྡུ་བ། ཞབས་ཞུའི་ནུས་པ་ཇེ་མཐོར་གཏོང་བ། མི་རིགས་ཀྱི་ཁྱད་ཆོས་དར་སྤེལ་རྒྱུན་འཁྱོངས་བྱེད་པ་བཅས་ཀྱིས་གྲངས་ཉུང་མི་རིགས་ཀྱི་གསོ་རིག་བརྟན་ལྷིང་སྒོས་མཐུན་སྦྱོར་འཕེལ་རྒྱས་སྐུལ་འདེད་གཏོང་དགོས། སྐབས་འདིའི་ཟབ་སྦྱོང་འཛིན་གྲྭ་ནི་ཏག་ཏག་རྒྱལ་ཁབ་ཀྱི་མི་རིགས་གསོ་རིག་སྲིད་ཇུས་ཀྱི་ཞིབ་ཕྲའི་ལག་བསྟར་ཡིན་པས། སློབ་མ་ཡོངས་ཀྱིས་ཟབ་སྦྱོང་གི་རིང་ལ། ཕན་ཚུན་སྤེལ་རེས་དང་ནན་གྱིས་སློབ་སྦྱོང་བྱས་ནས། མི་རིགས་ཀྱི་གསོ་རིག་ལས་དོན་རང་ཉིད་ཀྱི་འོས་འགན་ལ་བརྩིས་ཏེ། གང་དེ་དར་རྒྱས་གོང་འཕེལ་བཏང་ནས་རྒྱ་ཆེའི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས། 

སྤྱི་ཁྱབ་ལས་འཛིན་དགྲ་འདུལ་གྱིས་གསུངས་བཤད་ནང་། བོད་ལུགས་གསོ་རིག་གི་རིག་གནས་རྒྱུན་འཛིན་དང་། བོད་ལུགས་གསོ་རིག་གི་ལས་དོན་འཕེལ་རྒྱས་གཏོང་ཆེད། ཀྲུང་དབྱང་འཐབ་ཕྱོགས་གཅིག་འགྱུར་པུའུ་ཡི་ཆོག་མཆན་གནང་བ་བརྒྱུད། 2010ལོར་སྐབས་དང་པོའི་བོད་ལུགས་གསོ་རིག་མཐོ་རིམ་ཟབ་སྦྱོང་འཛིན་གྲྭ་གཉེར་བ་ནས་བཟུང་། ད་བར་ཁྱོན་སྐབས་9སྤེལ་ཡོད། སྐབས་རེ་རེའི་མཐོ་རིམ་ཟབ་སྦྱོང་འཛིན་གྲྭའི་དགེ་རྒན་གྱི་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་། སློབ་མའི་ཁྱབ་ཁོངས་རྒྱ་ཆེ་ལ་སྤྱི་ཚོགས་ཀྱི་གདེང་འཇོག་བཟང་རྐྱེན། བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་གྱི་བོད་ལུགས་གསོ་རིག་རིག་གཞུང་ཞིབ་འཇུག་གི་ཆུ་ཚད་དང་ནད་ཐོག་སྨན་བཅོས་ཆུ་ཚད་ལ་ནུས་ལྡན་གྱིས་སྐུལ་འདེད་བཏང་ཡོད། དུས་མཉམ་དུ། རྒྱལ་ནང་བོད་ལུགས་གསོ་རིག་ལས་རིགས་སུ་ཟབ་སྦྱོང་འཛིན་གྲྭ་ལ་ལོ་རེ་བཞིན་གདེང་འཇོག་ཇེ་མཐོར་འགྲོ་བཞིན་ཡོད་པས། སློབ་མའི་ཁྱབ་ཁོངས་ཀྱང་སྔར་གྱི་བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་ནས་པེ་ཅིན་དང་ནང་སོག ཧྲན་ཞི་སོགས་ས་ཆ་མང་པོར་ཁྱབ་ཡོད་ཅིང་། ཟབ་སྦྱོང་ལ་ཞུགས་པའི་སློབ་མ་སྟོང་ལས་བརྒལ་བས། འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མངོན་ཡོད། རྒྱལ་ཡོངས་བོད་ལུགས་གསོ་རིག་མཐོ་རིམ་ཟབ་སྦྱོང་འཛིན་གྲྭ་ཡིས་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་རྒྱལ་ཡོངས་བོད་རིག་པ་ཞིབ་འཇུག་ལ་སྣེ་ཁྲིད་དང་མཐུན་སྦྱོར་བྱེད་པའི་ནུས་པ་ཐོན་བཞིན་ཡོད་པ་སྟེ། བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་གྱི་བོད་ལུགས་གསོ་རིག་ལས་དོན་མི་སྣའི་ནུས་པ་ཇེ་མཐོར་དང་། བོད་སྨན་སྨན་པའི་བྱང་ཚད་ཇེ་མཐོར། བོད་ལུགས་གསོ་རིག་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་དུ་གྱུར་ཡོད་ཟེར།

4.jpg

དྲན་རྟེན་མཉམ་པར།     

    སྤྱི་ཁྱབ་ལས་འཛིན་དགྲ་འདུལ་གྱི་ནན་བཤད་གནང་དོན། ཐེངས་འདིའི་ཟབ་སྦྱོང་འཛིན་གྲྭ་ལ་དགེ་རྒན་ཆེན་མོ་དགའ་བའི་རྡོ་རྗེ་ཆེད་དུ་གདན་ཞུས་ནས་སློབ་མ་རྣམས་ལ་གཅིག་འདུས་ཀྱིས་《དེལ་དམར་པཎ་ཆེན་ལག་ལེན་ཀུན་གསལ་སྣང་མཛོད།》སློབ་ཁྲིད་གནང་རྒྱུ་རེད། དེའི་དམིགས་ཡུལ་ནི་ཐག་ཉེ་ས་ནས་ཆེད་མཁས་པའི་སློབ་ཁྲིད་ལ་ཉན་པ་དང་། ངོ་ཐུག་ནས་དཀའ་གནད་དང་དོགས་གནད་འགྲེལ་བཤད་གནང་བ་བརྒྱུད། ལས་དོན་གྱི་ཆུ་ཚད་ཇེ་མཐོར་གཏོང་བ་དང་། ཁྱོན་ཡོངས་ནས་ལས་དོན་གྱི་སྤུས་ཚད་ཇེ་མཐོར་གཏོང་རྒྱུ་དེ་ཡིན། ཟབ་སྦྱོང་ལ་ཞུགས་པའི་སློབ་མ་རྣམས་ཀྱིས་གོ་སྐབས་བཟང་པོ་དམ་འཛིན་བྱས་ཏེ། གཟབ་གཟབ་ནན་ནན་དང་རྣམ་འགྱུར་ལེགས་པོ། སྤྲོ་སེམས་འཁོལ་པོའི་ངང་སྐབས་འདིའི་ཟབ་སྦྱོང་ལ་ཞུགས་ནས། སློབ་སྦྱོང་བྱས་པར་འབྲས་བུ་ཡོད་པ་དང་སློབ་སྦྱོང་བྱས་པས་གོ་ཆོད་རྒྱུའི་རེ་བ་ཡོད་པར་གསུངས།




རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།