ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་ཧྭ་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་གྱི་སྤྱི་སྡོམ་གྲོས་ཚོགས་པེ་ཅིན་ནས་ཚོགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཟླ10བའི་ཚེས16ཉིན་གྱི་སྔ་དྲོར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་གྱི་སྤྱི་སྡོམ་གྲོས་ཚོགས་པེ་ཅིན་ནས་ཚོགས། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲིན་བཅས་ཀྱིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་སྤེལ་བའི་ཡོད་ཕྱོགས་ཀྱི་འཐུས་ཚབ་མི་སྣར་མཇལ་འཕྲད་གནང་། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་གྱི་སྤྱི་སྡོམ་གྲོས་ཚོགས་ཚེས་བཅུ་དྲུག་ཉིན་གྱི་སྔ་དྲོར་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྟེན་འབྲེལ་བྱ་འགུལ་སྤེལ་བའི་འབྲེལ་ཡོད་ཕྱོགས་ཀྱི་འཐུས་ཚབ་པར་མཇལ་འཕྲད་གནང་ནས། ཁོ་ཚོར་བཀའ་དྲིན་དང་འཚམས་འདྲི་ཞུས་པ་དང་། ཁོ་ཚོས་བྱ་བའི་ཁྲོད་བླངས་པའི་གྲུབ་འབྲས་བཟང་བོར་ཁས་ལེན་གང་ལེགས་བྱས་པ་མ་ཟད། ཚང་མས་གྲུབ་འབྲས་བརྩོན་ལེན་དང་ཡང་བསྐྱར་བྱས་རྗེས་གསར་བ་འཇོག་པའི་སྐུལ་མ་བཏང་།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཁི་ཆང་དང་ལིས་ཀྲན་ཧྲུའུ། ཝང་དབྱང་། ཀྲའོ་ལི་ཅི། ཧན་ཀྲིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་བཅས་མཇལ་འཕྲད་ལ་ཞུགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ཝང་ཧུའུ་ཉིང་མཇལ་འཕྲད་ལ་ཞུགས་པར་མ་ཟད་སྤྱི་སྡོམ་གྲོས་ཚོགས་སྟེང་གསུང་བཤད་གནང་།

ཉེ་སྔོན། ཞི་ཅིན་ཕིང་གིས་འགོ་མཛིན་མཛད་དེ་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ནས། ཆེད་དུ་རྟེན་འབྲེལ་ཞུ་བའི་བྱ་འགུལ་གྱི་སྤྱི་སྡོམ་སྙན་ཞུ་ལ་ཉན་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཞི་ཅིན་ཕིང་གིས་བསྟན་དོན། ཐེངས་འདིའི་རྟེན་འབྲེལ་ཞུ་བའི་བྱ་འགུལ་ནི་རྒྱལ་ཁབ་ཀྱི་མཛད་སྒོ་ཆེན་མོ་ཡིན་ལ། ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པའི་ལོ་ངོ་བདུན་ཅུའི་རིང་གི་གྲུབ་འབྲས་ཆེན་པོ་འགྲེམ་སྟོན་གང་ལེགས་བྱས་པ་དང་། རྒྱལ་ཁབ་དང་དམག་དཔུང་གི་གཟི་བྱིན་མངོན་པར་བྱས་ཤིང་མི་རིགས་ཀྱི་སྙིང་སྟོབས་ཆེར་སྐྱེད་ལ། ཕྱོགས་སོ་སོའི་སྟོབས་ཤུགས་ཆེར་སྐྱེད། རྟེན་འབྲེལ་ཞུ་བའི་བྱ་འགུལ་ནི་བརྒྱ་ལོ་དང་པོ་ཐོན་ལ་ཉེ་བའི་སྐབས་སུ། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་ཀྱིས་དམངས་སེམས་གཅིག་འདྲེས་ཀྱིས་ཁྱོན་ཡོངས་ཀྱི་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་དམིགས་འབེན་མངོན་འགྱུར་བྱེད་པའི་ཐད་ཀྱི་རླབས་ཆེན་འབད་འཐབ་ཐེངས་གཅིག་ཡིན་ལ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་འཐབ་ལམ་སྟེང་། ཀྲུང་ཧྭའི་བུ་དང་བུ་མོ་ཡོངས་ཀྱིས་ཐུན་མོང་གི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཐད་བཞག་པའི་དམ་བཅའ་ཐེངས་གཅིག་དང་། དེང་སྐབས་ཀྱི་འཛམ་གླིང་ལོ་ངོ་བརྒྱར་འཕྲད་མ་མྱོང་བའི་འགྱུར་ལྡོག་བྱུང་བཞིན་པའི་གནས་བབ་འོག ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནམ་ཡང་འཛམ་གླིང་གི་ཤར་ཕྱོགས་སུ་གྲོང་ངེར་ལངས་པ་མ་ཟད། སྔར་ལས་འཕེལ་རྒྱས་དང་སྟོབས་འབྱོར་ལྡན་པའི་སྣང་བརྙན་འགྲེམ་སྟོན་བྱེད་པ་ཐེངས་གཅིག་ཀྱང་ཡིན་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། རྟེན་འབྲེལ་ཞུ་བའི་བྱ་འགུལ་དང་འབྲེལ་བའི་སྡེ་ཁག་ཧ་ཅང་མང་བ་དང་གྲ་སྒྲིག་ལག་བསྟར་ཁྲོད་ཞུགས་པའི་མི་སྣ་མང་ལ། དུས་ཡུན་རིང་བ་དང་རྩ་འཛུགས་ཀྱི་ལས་འགན་ཧ་ཅང་ལྕི། བྱ་འགུལ་ཐད་ནས་གྲུབ་འབྲས་བཟང་བོ་ལེན་པའི་རྩ་བ་དེ་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོ་དང་ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་ཀྱི་ཐུན་མོང་གི་འབད་འཐབ་དང་འབྲལ་ཐབས་མེད་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རྟེན་འབྲེལ་ཞུ་བའི་བྱ་འགུལ་ནི་མི་དམངས་མང་ཚོགས་ཀྱི་རྒྱལ་གཅེས་རིང་ལུགས་སྙིང་སྟོབས་ཀྱི་གཅིག་བསྡུས་འགྲེམ་སྟོན་ཡིན་པས། གོ་སྐབས་དམ་འཛིན་བྱས་ནས། མི་དམངས་མང་ཚོགས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་སྣེ་ཁྲིད་ལ་ཤུགས་སྣོན་དགོས། རྟེན་འབྲེལ་བྱ་འགུལ་ཐད་ནས་རྒྱུན་འཛིན་དང་གསར་གཏོད་ཀྱི་གཅིག་གྱུར་མངོན་པར་བྱས་ཡོད་ལ། བྱེད་ཐབས་དང་ཉམས་མྱོང་བཟང་བོར་སྤྱི་སྡོམ་བྱས་ཏེ། རྗེས་ཕྱོགས་ཀྱི་རྟེན་འབྲེལ་བྱ་འགུལ་གལ་ཆེན་ལ་མཛུབ་སྟོན་བྱེད་དགོས། རྟེན་འབྲེལ་ཞུ་བའི་བྱ་འགུལ་གྱིས་ང་ཚོར་ཧ་ཅང་རྩ་ཆེ་བའི་བསམ་པའི་རྒྱུ་ནོར་མང་པོ་བཞག་པ་དང་། བསམ་པའི་རྒྱུ་ནོར་དེ་དག་སྔོག་འདོན་བཀོལ་སྤྱོད་བྱེད་པར་ཤུགས་བསྣན་ནས། དེ་མི་དམངས་མང་ཚོགས་དུས་རབས་གསར་བར་བསྐྱོད་པའི་སྒུལ་ཤུགས་ཆེན་པོར་བསྒྱུར་དགོས་ཟེར།

ཚེས་བཅུ་དྲུག་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུའི་སྟེང་། ཞི་ཅིན་ཕིང་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མར་ཕེབས་ནས། ཚང་མ་དང་ལག་འཇུ་་དང་གླེང་མོལ་བྱས་པ་མ་ཟད། མཉམ་དུ་རྗེས་དྲན་འདྲ་པར་བསྐྱོན།

ཚོགས་ཐོག་ནས་ཞི་ཅིན་ཕིང་གི་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་གི་གསུང་བཤད་གལ་ཆེན་བརྒྱུད་སྒྲོག་བྱས།

ཝང་ཧུའུ་ཉིང་གིས་ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་བདེ་བླག་ངང་བསྡུས་པའི་དོན་སྙིང་གལ་ཆེན་ལ་གསལ་བཤད་གཏིང་ཟབ་བྱས་པ་དང་། རྟེན་འབྲེལ་ཞུ་བའི་གྲ་སྒྲིག་ལག་བསྟར་བྱ་བར་ཁས་ལེན་གང་ལེགས་བྱས་ལ། རྟེན་འབྲེལ་ཞུ་བའི་བྱ་འགུལ་གྱི་གྲུབ་འབྲས་གཏིང་ཟབ་ཏུ་གཏོང་བ་དང་རྒྱ་སྐྱེད་པའི་ཐད་རེ་བ་གསལ་བོ་བཏོན་པ་དང་། ང་ཚོས་སློབ་སྦྱོང་དང་རྒྱུས་ལོན་གཏིང་ཟབ་བྱེད་པ་དང་ལག་བསྟར་དམ་འཛིན་བྱེད་དགོས་ཟེར།

རྟེན་འབྲེལ་ཞུ་བའི་བྱ་འགུལ་གྱི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཏིང་ཞུའེ་ཞང་དང་ཞུའུ་ཆི་ལེང་། ཧོང་ཁུན་མེན། ཚའེ་ཆི། ཞའོ་ཅེ། ཀྲའོ་ཁི་ཀྲི ཧི་ལིས་ཧྥུན། ལིས་ཙོ་ཁྲིན་བཅས་མཇལ་འཕྲད་ལ་ཞུགས་པར་མ་ཟད་གྲོས་ཚོགས་ལ་ཞུགས། རྟེན་འབྲེལ་ཞུ་བའི་བྱ་འགུལ་གྱི་འགོ་ཁྲིད་ཚན་ཆུང་གི་ཁོངས་མི་དང་བྱ་བའི་ལས་ཁུངས་སོ་སོ་དང་འབྲེལ་ཡོད་ཕྱོགས་ཀྱི་འགན་ཁུར་མི་སྣ་དང་ལས་བྱེད་མི་སྣ། དམག་གཟིགས་ལ་ཞུགས་པའི་དམག་དཔུང་གི་དཔོན་དམག ཞབས་ཞུའི་འགན་སྲུང་མི་སྣ། དང་བླངས་པ། འཁྲབ་སྟོན་མི་སྣ། བདེ་སྲུང་ཡུལ་དངོས་ཀྱི་ལས་རེས་མི་སྣའི་འཐུས་ཚབ་པ་བཅས་བྱ་འགུལ་ལ་ཞུགས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།