ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་བཀའ་ཁྱབ་སྟེང་མིང་བཀོད་དེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་དམག་གཟིགས་ལ་ཞུགས་པའི་མི་སྣ་ཡོངས་ལ་བྱ་དགའ་སྟེར་རྒྱུ་ཐག་བཅད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་བའི་ཚེས་གཅིག་ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་ཁྱབ་སྟེང་མིང་བཀོད་དེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་དམག་གཟིགས་ལ་ཞུགས་པའི་མི་སྣ་ཡོངས་ལ་བྱ་དགའ་སྟེར་རྒྱུ་ཐག་བཅད།

བྱ་དགའི་བཀའ་ཚིག་ནང་བསྟན་དོན། དམག་གཟིགས་ལས་འགན་རྒྱལ་ཁའི་ངང་ཡོངས་འགྲུབ་བྱས་པ་ནི་དམག་གཟིགས་ལ་ཞུགས་པའི་དམག་དཔུང་གིས་བློ་ཐག་རྦད་ཆོད་སྒོས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཐབས་ཇུས་མཛུབ་སྟོན་ལག་བསྟར་བྱས་ཏེ། འགན་འཁྲིའི་མངག་བཅོལ་ཡིད་ལ་དམ་པོར་བཅངས་ཤིང་སེམས་ཞིབ་མོས་རྩ་འཛུགས་དང་འཆར་འགོད་བྱས་པའི་མཇུག་འབྲས་ཡིན། རྒྱ་ཆེའི་དམག་གཟིགས་དཔོན་དམག་རྣམས་ཀྱིས་རང་ཉིད་ལ་འགྲན་རྩོད་དང་གཟེངས་སུ་ཐོན་པར་རེ་སྙེག་བྱས་ཤིང་། དམག་སྤྱི་ཆེན་མོ་དང་དམག་མི་ཚོས་སེམས་ཤུགས་གཅིག་སྒྲིལ་དང་དཔུང་བ་མཉམ་གཤིབ་སྒོས་འཐབ་འཛིང་བྱས་པ་དང་། མི་སྣས་རོགས་ལས་དམ་པོ་བྱེད་པ་དང་བྱས་རྗེས་འཇོག་པ་འགན་སྲུང་བྱས་ནས། དམག་གཟིགས་བྱ་བ་བདེ་བླག་ངང་ཡོངས་འགྲུབ་བྱེད་པར་བྱས་རྗེས་ངེས་ཅན་བཞག དམག་གཟིགས་ལག་ལེན་ཁྲོད་དུ་མི་སྣ་ཡོངས་ཀྱིས་ཏང་གི་བཀོད་འདོམས་ལ་ཉན་པ་དང་བློ་དཀར་བའི་ཆབ་སྲིད་གཤིས་སྤྱོད་དང་མེས་རྒྱལ་སྲུང་སྐྱོབ་དང་དམག་འཁྲུག་ལས་རྣམ་པར་རྒྱལ་ཐུབ་པའི་འགན་འཁྲིའི་ཁག་ཁུར། བླ་མེད་གཟི་བརྗིད་དང་འགན་འཁྲི་ངོ་གནོང་མི་དགོས་པའི་རིན་ཐང་རེ་སྙེག  སྔོན་ཐོན་བརྩོན་ལེན་དང་སྤོབས་པ་ཆེན་པོས་རྒྱལ་ཁ་ལེན་པའི་ཡར་ཐོན་སྙིང་སྟོབས། དཀའ་སྡུག་ལ་མི་སྐྲག་པ་དང་སྤོབས་པ་ཆེར་བསྐྱེད་སྒོས་འབད་འཐབ་བྱེད་པའི་སྲོལ་བཟང་བཅས་མངོན་པར་བྱས་པར་མ་ཟད་དུས་རབས་གསར་བའི་གསར་བརྗེ་དམག་མི་བཟང་བོའི་སྣང་བརྙན་མཚོན་པར་བྱས་ཟེར།

བྱ་དགའི་བཀའ་ཚིག་ལས་དམག་ཡོངས་ཀྱི་དམག་དཔུང་གིས་དམག་གཟིགས་ལ་ཞུགས་པའི་དམག་དཔུང་ལ་སློབ་སྦྱོང་བྱས་ཏེ། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་ཤིང་རྒྱུན་མཐུད་སྒོས་འབད་བརྩོན་བྱེད་པ་དང་། རང་རང་གི་འགན་འཁྲིའི་བྱ་བ་བཟང་བོར་བསྒྲུབ་ནས་ཕྲག་ཏུ་བབས་པའི་ལས་འགན་ཡོངས་འགྲུབ་བཟང་བོ་བྱེད་དགོས། དམག་ཡོངས་ཀྱི་དམག་དཔུང་དང་རྒྱ་ཆེའི་དཔོན་དམག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཞི་ཅིན་ཕིང་གི་སྟོབས་ལྡན་དམག་དཔུང་གི་དགོངས་པ་ལག་བསྟར་ནན་མོ་བྱེད་པ། དུས་རབས་གསར་བའི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་བཟང་བོ་བྱས་ཏེ། འདུ་ཤེས་བཞི་ཇེ་དྲག་དུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལེགས་པར་བསྒྲུབ་དགོས་ལ། དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འགན་འཁུར་ལམ་ལུགས་ལག་བསྟར་བྱེད་པ་དང་། ཆབ་སྲིད་དམག་འཛུགས་དང་བཅོས་སྒྱུར་སྟོབས་ལྡན་དམག་དཔུང་། ཚན་རྩལ་ལ་བརྟེན་ནས་དམག་དཔུང་དར་སྤེལ་བྱེད་པ། ཁྲིམས་ལྟར་དམག་དཔུང་བཅོས་སྐྱོང་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པར་མ་ཟད་སྟོབས་ཤུགས་གཅིག་བསྡུས་སྒོས་དམག་འཐབ་ལ་གྲ་སྒྲིག་བྱེད་པ་དང་། བཅོས་སྒྱུར་གསར་སྐྲུན་ནུས་པ་ཇེ་ཆེར་གཏོང་བ། དངོས་འབེབས་བྱ་བ་དམ་འཛིན་བྱས་ནས། ཏང་གི་དུས་རབས་གསར་བའི་སྟོབས་ལྡན་དམག་དཔུང་དམིགས་འབེན་མངོན་འགྱུར་བྱེད་པ་དང་མི་དམངས་དམག་དཔུང་དེ་འཛམ་གླིང་གི་རྩེ་གྲའི་དམག་དཔུང་ཞིག་ཏུ་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་དགོས་པའི་འབོད་སྐུལ་བཏང་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།