ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཉིས་སྟོང་བཅུ་དགུ་ལོའི་ཀྲུང་གོ་སྲིད་གཞུང་གི་མཛའ་བཤེས་བྱ་དགའ་ཐོབ་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་དང་ཁོ་ཚོའི་གཉེན་ཉེ་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དགུ་བའི་ཚེས་སུམ་ཅུ་ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཉིས་སྟོང་བཅུ་དགུ་ལོའི་ཀྲུང་གོ་སྲིད་གཞུང་གི་མཛའ་བཤེས་བྱ་དགའ་ཐོབ་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་དང་ཁོ་ཚོའི་གཉེན་ཉེ་ལ་མཇལ་འཕྲད་གནང་བ་དང་། ཧན་ཀྲིན་མཇལ་འཕྲད་ལ་ཞུགས།

ལིས་ཁི་ཆང་གིས་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་མཛད་དེ་བྱ་དགའ་ཐོབ་པའི་ཕྱི་རྒྱལ་གྱི་ཆེད་མཁས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་། ཁོ་ཚོས་ཀྲུང་གོའི་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་ཀྲུང་གོ་དང་ཕྱི་རྒྱལ་བར་གྱི་མཛའ་མཐུན་འགྲོ་འོང་དང་གཉིས་ཕན་མཉམ་ལས་ལ་ཤུགས་སྣོན་པའི་ཐད་ལ་བྱས་རྗེས་ཆེན་པོ་བཞག་པར་ཁས་ལེན་གང་ལེགས་མཛད་པར་མ་ཟད། ཁོ་ཚོ་བརྒྱུད་དེ་ཀྲུང་གོའི་དེང་རབས་ཅན་གྱི་ལས་དོན་ཐད་བྱས་རྗེས་ཆེན་པོ་བཞག་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་དང་རྒྱལ་སྤྱིའི་མཛའ་མཐུན་མི་སྣ་ཡོངས་དང་ཁོ་ཚོའི་གཉེན་ཉེ་ལ་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་ཞུས།

ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པ་དང་ལྷག་པར་དུ་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་བཞི་བཅུ་ལྷག་གི་རིང་ལ། ཀྲུང་གོས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་པ་དང་། དེ་ཀྲུང་གོ་མི་དམངས་དུང་ཕྱུར་མང་པོས་སྤོབས་པ་ཆེར་བསྐྱེད་སྒོས་འབད་བརྩོན་ལྷོད་མེད་བྱས་པ་དང་འབྲེལ་ཐབས་མེད་ལ། ཕྱི་རྒྱལ་གྱི་ཆེད་མཁས་པ་དང་རྒྱལ་སྤྱིའི་མཛའ་མཐུན་མི་སྣས་རྒྱབ་སྐྱོར་དང་རོགས་རམ་བྱས་པ་དང་འབྲལ་ཐབས་མེད་ཟེར།

བྱ་དགའ་ཐོབ་པའི་ཕྱི་རྒྱལ་གྱི་ཆེད་མཁས་པས་ལིས་ཁི་ཆང་གིས་མཇལ་འཕྲད་གནང་བ་དང་ཀྲུང་གོ་སྲིད་གཞུང་གིས་བྱ་དགའ་གནང་བར་བཀའ་དྲིན་ཆེ་ཞུས་པར་མ་ཟད་སྔོན་ཆད་དང་འདྲ་བར་ཀྲུང་གོའི་དེང་རབས་ཅན་འཛུགས་སྐྲུན་དང་མིའི་རིགས་སྤྱི་ཚོགས་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་ནུས་པ་ཆེན་པོ་འདོན་ངེས་ཡིན་ཞེས་བསྟན། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།