ཀྲུང་གོ་བོད་ཀྱི་དྲ་བ།

​རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་པེ་ཅིན་ནས་ཚོགས་པ་དང་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་དྲ་བ།     སྤེལ་དུས། : 2019-09-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དགུ་བའི་ཚེས་ཉེར་བདུན་ཉིན་གྱི་སྔ་དྲོར། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

222.jpg

ཟླ་དགུ་བའི་ཚེས་ཉེར་བདུན་ཉིན་གྱི་སྔ་དྲོར། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་པེ་ཅིན་ནས་ཚོགས། ཞི་ཅིན་ཕིང་སོགས་ཀྱིས་གཟེངས་བསྟོད་ཐོབ་པའི་དཔེ་ལེགས་ཐུན་མོང་དང་དཔེ་ལེགས་མི་སྒེར་གྱི་འཐུས་མི་ལ་བྱ་དགའ་གནང་།

ཟླ་དགུ་བའི་ཚེས་ཉེར་བདུན་ཉིན་གྱི་སྔ་དྲོར། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

ཟླ་དགུ་བའི་ཚེས་ཉེར་བདུན་ཉིན་གྱི་སྔ་དྲོར། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་ན། མི་རིགས་སོ་སོས་ལག་རྡང་སྦྲེལ་ཞིང་དཔུང་བ་མཉམ་གཤིབ་སྒོས་འབད་བརྩོན་ལྷོད་མེད་བྱེད་དགོས། ཀྲུང་ཧྭ་མི་རིགས་གཞི་གཅིག་ཅན་གྱི་འདུ་ཤེས་སྲ་བརྟན་དུ་གཏོང་བ་གཙོ་ཐིག་ཏུ་བཟུང་སྟེ་ཏང་གི་མི་རིགས་རིགས་གཞུང་དང་མི་རིགས་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་མཉམ་དུ་དར་རྒྱས་གོང་འཕེལ་དུ་འགྲོ་བ་རྒྱུན་འཁྱོངས་བྱེད་དགོས་ལ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་དེ་རྨང་གཞི་རང་བཞིན་གྱི་ལས་དོན་དུ་བརྩིས་ཏེ་དམ་འཛིན་བྱེད་པ་དང་། མི་རིགས་སོ་སོ་མཐུན་སྒྲིལ་མཉམ་གནས་བྱེད་པར་སྐུལ་འདེད་གཏོང་དགོས་པར་མ་ཟད་ཀྲུང་ཧྭ་མི་རིགས་འདི་ཉིད་བཟོད་སྒོམ་རང་བཞིན་གྱི་ཤུགས་སྔར་ལས་ཆེ་ཞིང་གཅིག་སྡུད་སྟོབས་ཤུགས་སྔར་ལས་ཆེ་བའི་ལས་སྐལ་གཞི་གཅིག་ཅན་དུ་སྐྱོད་པར་སྐུལ་འདེད་བཏང་ནས། མཛེས་པའི་ཁྱིམ་གཞི་མཉམ་འཛུགས་དང་མཛེས་པའི་མ་འོངས་པ་མཉམ་སྐྲུན་བྱེད་དགོས་ཟེར།

11111.jpg

ལིས་ཁི་ཆང་གིས་ཚོགས་ཆེན་ལ་འགོ་འཛིན་མཛད་པ་དང་ཝང་དབྱང་དང་ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན་བཅས་ཚོགས་ཆེན་ལ་ཞུགས།

ཉིན་དེའི་སྔ་དྲོའི་དུས་ཚོད་བཅུའི་སྟེང་། ཚོགས་ཆེན་དངོས་སུ་ཚོགས་འགོ་བརྩམས་པ་དང་ཚང་མ་ཡར་ལངས་ཏེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས།

ཚོགས་ཆེན་སྟེང་ཐོག་མར་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་ལེགས་ཐུན་མོང་དང་དཔེ་ལེགས་མི་སྒེར་ལ་གཟེངས་བསྟོད་བྱས། དཔེ་ལེགས་ཐུན་མོང་དྲུག་བརྒྱ་དང་རེ་ལྔ་དང་དཔེ་ལེགས་མི་སྒེར་བརྒྱད་བརྒྱ་དང་བཅུ་གཉིས་ལ་གཟེངས་བསྟོད་ཐོབ། སྤྲོ་སྐྱིད་ལྡན་པའི་རོལ་མོའི་ཁྲོད་དུ་ཞི་ཅིན་ཕིང་སོགས་ཀྱིས་གཟེངས་བསྟོད་ཐོབ་པའི་དཔེ་ལེགས་ཐུན་མོང་དང་དཔེ་ལེགས་མི་སྒེར་གྱི་འཐུས་མི་ལ་བྱ་དགའ་གནང་།

ཚོགས་ཆེན་སྟེང་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་ཐོག་མར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་དེ་གཟེངས་བསྟོད་ཐོབ་པའི་དཔེ་ལེགས་ཐུན་མོང་དང་མི་སྒེར་ལ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་། རྒྱལ་ཡོངས་ཀྱི་མི་རིགས་ལས་དོན་འཐབ་ཕྱོགས་ཀྱི་བློ་མཐུན་རྣམས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བའི་ཕྱོགས་སོ་སོའི་མི་སྣར་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་ཞུས།

ཞི་ཅིན་ཕིང་གིས་གསུངས་རྒྱུར། ལོ་བདུན་ཅུའི་སྔོན་ལ། རང་རྒྱལ་གྱི་རིགས་སོ་སོའི་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག ཀྲུང་གོ་གསར་བ་མཉམ་དུ་གསར་སྐྲུན་བྱས། ང་ཚོའི་ཏང་གིས་གསར་སྐྲུན་རང་བཞིན་གྱི་སྒོ་ནས་མར་ཁེ་སི་རིང་ལུགས་ཀྱི་མི་རིགས་གཞུང་ལུགས་དེ་ཀྲུང་གོ་མི་རིགས་ཀྱི་གནད་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་པའི་ཡང་དག་པའི་བགྲོད་ལམ་དུ་བསྐྱོད་པ་དང་། ཏང་གི་མི་རིགས་གཞུང་ལུགས་དང་མི་རིགས་སྲིད་ཇུས་གཏན་ལ་ཕབ། མི་རིགས་འདྲ་མཉམ་དེ་རྒྱལ་འཛུགས་ཀྱི་རྩ་བའི་རྩ་དོན་ནང་གི་གཅིག་ཏུ་བརྩིས་ཏེ་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་གཏན་ལ་ཕབ་པ་དང་། རིགས་སོ་སོའི་མི་དམངས་ལ་ལོ་རྒྱུས་སྟེང་དུ་ཐེངས་དང་པོར་འདྲ་མཉམ་གྱི་ཆབ་སྲིད་ཁེ་དབང་དང་མཉམ་དུ་རང་ཁྱིམ་རང་བདག་བྱེད་པའི་དབང་ཆ་ཐོབ་པར་མ་ཟད། ཀྲུང་གོ་རྙིང་བའི་མི་རིགས་གཉའ་གནོན་དང་རྩོད་གཞི་ཆེ་བའི་དཀའ་སྡུག་གི་ལོ་རྒྱུས་མཇུག་རྫོགས་པ་དང་། མི་རིགས་སོ་སོ་འདྲ་མཉམ་མཐུན་སྒྲིལ་དང་རོགས་སྐྱོར་འཆམ་མཐུན་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་དུས་རབས་གསར་བ་གསར་སྐྲུན་བྱས། ལོ་བདུན་ཅུའི་རིང་ལ་ཀྲུང་ཧྭ་འཛིན་མའི་ཁྱོན་ཀུན་ལ་འགྱུར་ལྡོག་ཆེན་པོ་བྱུང་སྟེ་གྲངས་ཉུང་མི་རིགས་ཀྱི་རྣམ་པ་དང་མི་རིགས་ས་ཁུལ་གྱི་རྣམ་པ། མི་རིགས་འབྲེལ་བའི་རྣམ་པ། ཀྲུང་ཧྭ་མི་རིགས་ཀྱི་རྣམ་པ་བཅས་ལ་གནམ་ས་བླ་འོག་བརྗེ་འདྲའི་འགྱུར་ལྡོག་ཆེན་པོ་བྱུང་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ལོ་བདུན་ཅུའི་གྲུབ་འབྲས་ལ་ཡིད་སྨོན་བྱེད་པ་དང་ལོ་བདུན་ཅུའི་ཉམས་མྱོང་ནམ་ཡང་ཡིད་ལ་འཛིན་དགོས། ང་ཚོས་རང་རྒྱལ་གྱི་གཅིག་གྱུར་གྱི་མི་རིགས་མང་པོའི་རྒྱལ་ཁབ་ཀྱི་གཞི་རྩའི་གནས་ཚུལ་གསལ་བོར་ཤེས་པར་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོབ་བྱེད་པ་དེ་མི་རིགས་སོ་སོའི་ཆེས་མཐོ་བའི་ཁེ་ཕན་དུ་བརྩི་དགོས་པ་དང་། མར་ཁེ་སི་རིང་ལུགས་ཀྱི་མི་རིགས་གཞུང་ལུགས་ཀྲུང་གོ་ཅན་དུ་སྒྱུར་རྒྱུ་རྒྱུན་འཁྱོངས་བྱས་ཏེ་རྦད་ཆོད་སྒོས་ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་པའི་ཡང་དག་པའི་བགྲོད་ལམ་དུ་སྐྱོད་པ་རྒྱུན་འཁྱོངས་བྱེད་དགོས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་སྟེ། གཅིག་གྱུར་དང་རང་སྐྱོང་ཟུང་འབྲེལ་བྱེད་པ་དང་མི་རིགས་ཀྱི་རྒྱུ་རྐྱེན་དང་ས་ཁོངས་རྒྱུ་རྐྱེན་ཟུང་འབྲེལ་བྱེད་ཐུབ་པར་བྱེད་དགོས། མི་རིགས་སོ་སོ་བར་གྱི་འབྲེལ་འདྲིས་དང་བརྗེ་རེས། མཉམ་བསྲེས་ལ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱས་ཏེ་མུ་མཐུད་དུ་ཀྲུང་ཧྭ་མི་རིགས་གཞི་གཅིག་ཅན་གྱི་འདུ་ཤེས་སྲ་བརྟན་དུ་གཏོང་དགོས། གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་མྱུར་དུ་འཕེལ་རྒྱས་སུ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ་མུ་མཐུད་དུ་རིགས་སོ་སོའི་མང་ཚོགས་ཀྱིས་རེ་སྒུག་བྱེད་པའི་མཛེས་པའི་འཚོ་བ་འགྲུབ་པར་བྱེད་དགོས། རིག་གནས་མོས་མཐུན་ནི་ཆེས་ཟབ་པའི་མོས་མཐུན་ཡིན་པ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་ཧྭ་མི་རིགས་ལ་དབང་བའི་བསམ་པའི་ཁྱིམ་གཞི་གསར་སྐྲུན་བྱེད་དགོས། མི་རིགས་སོ་སོ་བཅའ་ཁྲིམས་ཀྱི་མདུན་དུ་འདྲ་མཉམ་ཡིན་པ་རྒྱུན་འཁྱོངས་བྱས་ཏེ་བཅའ་ཁྲིམས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་ལ་འགན་སྲུང་བྱེད་དགོས། རྒྱུན་འཛིན་ཁྲོད་དུ་འཕེལ་རྒྱས་དང་འཕེལ་རྒྱས་ཁྲོད་དུ་གསར་སྐྲུན་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་མི་རིགས་སྲིད་ཇུས་དེ་གཅིག་ཤུལ་གཅིག་འཛིན་དང་བབ་བསྟུན་མདུན་སྐྱོད་བྱེད་དགོས། ཏང་གི་མི་རིགས་བྱ་བའི་འགོ་ཁྲིད་ལ་ཤུགས་སྣོན་པ་རྒྱུན་འཁྱོངས་བྱས་ཏེ་མུ་མཐུད་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒྲིག་སྲོལ་རྐྱེན་སྲོལ་ཆ་ཚང་དུ་གཏོང་དགོས་ཟེར།

ཞི་ཅིན་ཕིང་གིས་གསུངས་རྒྱུར། ང་ཚོ་རླབས་ཆེ་བའི་མེས་རྒྱལ་གྱི་རྒྱ་ཁྱོན་ཆེ་ཞིང་ཤེས་རིག་གི་ལོ་རྒྱུས་རིང་པོ་ལྡན། ཀྲུང་གོའི་ལོ་རྒྱུས་ཁག་ཅིག་ནི་མི་རིགས་སོ་སོ་མཉམ་བསྲེས་གཅིག་བསྡུས་སྣ་མང་གཞི་གཅིག་ཅན་གྱི་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ཁག་ཅིག་ཡིན་པ་དང་། མི་རིགས་སོ་སོས་མཉམ་དུ་གཅིག་གྱུར་གྱི་རླབས་ཆེན་མེས་རྒྱལ་གསར་སྐྲུན་དང་འཕེལ་རྒྱས། སྲ་བརྟན་དུ་བཏང་བའི་ལོ་རྒྱུས་ཡིན། ང་ཚོའི་ཡངས་ཤིང་ཆེ་བའི་མངའ་ཁོངས་ནི་མི་རིགས་སོ་སོས་མཉམ་དུ་གསར་གཏོད་བྱས་པ་ཡིན་ལ། ང་ཚོའི་ཡུན་རིང་བའི་ལོ་རྒྱུས་ནི་མི་རིགས་སོ་སོས་མཉམ་དུ་བསྐྲུན་པ་དང་། ང་ཚོའི་འོད་སྟོང་འབར་བའི་རིག་གནས་ནི་མི་རིགས་སོ་སོས་མཉམ་དུ་གསར་སྐྲུན་བྱས་ལ། ང་ཚོའི་རླབས་ཆེ་བའི་སྙིང་སྟོབས་ནི་མི་རིགས་སོ་སོས་མཉམ་དུ་གསོ་སྐྱོང་བྱས་པ་ཡིན། ཀྲུང་ཧྭ་མི་རིགས་ཀྱི་སྣ་མང་གཞི་གཅིག་ཅན་ནི་སྔོན་རབས་པས་ང་ཚོར་བཞག་པའི་ཕུན་སུམ་ཚོགས་པའི་ཤུལ་རྫས་ཡིན་པར་མ་ཟད་རང་རྒྱལ་འཕེལ་རྒྱས་སུ་འགྲོ་བའི་ཁྱད་སྟོབས་ཆེན་པོ་ཡིན་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་ཞུགས་པ་དང་ཀྲུང་ཧྭ་མི་རིགས་ཀྱིས་ཉེ་བའི་དུས་རབས་ཀྱི་ཚུན་ལ་ཆེས་བཟང་བའི་འཕེལ་རྒྱས་དུས་སྐབས་བསུས་བྱུང་། དེ་དང་མཉམ་དུ་རྙོག་འཛིང་ཆེ་བའི་རྒྱལ་སྤྱི་རྒྱལ་ནང་གི་གནས་བབ་མདུན་དུ་ང་ཚོས་སྔར་ལས་མཐུན་སྒྲིལ་གཅིག་གྱུར་དང་སྟོབས་ཤུགས་གཅིག་སྡུད་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་གསུངས་རྒྱུར། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་རྦད་ཆོད་སྒོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་དུ་སྐྱོད་དགོས། ལག་ལེན་དངོས་ལས་ཀྲུང་གོ་གུང་ཁྲན་ཏང་གིས་ད་གཟོད་ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་པོ་མངོན་འགྱུར་བྱེད་ཐུབ་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱིས་ད་གཟོད་མི་རིགས་སོ་སོ་གཅིག་སྡུད་དང་མི་རིགས་སོ་སོ་འཕེལ་རྒྱས། མི་རིགས་སོ་སོ་དར་རྒྱས་སུ་གཏོང་ཐུབ་པ་བདེན་དཔང་བྱས་ཡོད། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་མི་རིགས་གཞུང་ལུགས་དང་མི་རིགས་སྲིད་ཇུས་ལ་སློབ་སྦྱོང་དང་དེ་མིན་མི་རིགས་མཐུན་སྒྲིལ་སློབ་གསོར་ཤུགས་སྣོན་ཞིང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་སྟེ། རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་བློ་དང་བྱ་སྤྱོད་གཉིས་ཀ་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་པ་དང་། རིགས་སོ་སོའི་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ཁས་ལེན་ཚད་སྔར་ལས་ཇེ་དྲག་ཏུ་གཏོང་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། རིགས་སོ་སོའི་མི་དམངས་ཀྱིས་མཛེས་པའི་འཚོ་བར་རེ་སྙེག་བྱེད་པ་དེ་འབད་འཐབ་དམིགས་འབེན་བྱས་ཏེ། གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་ཀྱིས་རྒྱལ་ཡོངས་དང་མཉམ་དུ་ཁྱོན་ཡོངས་ཀྱི་འབྱོར་འབྲིང་དང་དེང་རབས་ཅན་མངོན་འགྱུར་བྱེད་པར་འགན་སྲུང་བྱེད་དགོས། ཀྲུང་ཧྭ་མི་རིགས་ནི་ཁྱིམ་གཞི་ཆེན་པོ་ཞིག་ཡིན་པས་ཁྱིམ་མི་ཚང་མས་བདེ་སྐྱིད་ཀྱི་འཚོ་བ་རོལ་དགོས། གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་མྱུར་དུ་འཕེལ་རྒྱས་སུ་གཏོང་བ་དང་། གཞི་རྩའི་སྤྱི་ཐུན་ཞབས་ཕྱི་དོ་མཉམ་ཅན་ལ་སྐུལ་འདེད་བཏང་ནས། ཆུ་དྭངས་རི་ལྗང་དེ་གསེར་རི་དངུལ་རི་ལ་བསྒྱུར་བའི་ནུས་པ་ཇེ་ཆེར་གཏོང་བ་དང་། བཅོས་སྒྱུར་སྒོ་འབྱེད་ཀྱི་གྲུབ་འབྲས་དེ་སྔར་ལས་མང་ཞིང་སྔར་ལས་འདྲ་མཉམ་སྒོས་རིགས་སོ་སོའི་མི་དམངས་ལ་ལོངས་སུ་སྤྱོད་དུ་འཇུག་དགོས་པར་མ་ཟད། རིགས་སོ་སོའི་མི་དམངས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་འཇགས་ཚོར་སྣང་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། རིགས་སོ་སོའི་མི་དམངས་ཀྱིས་མཛེས་པའི་མ་འོངས་པ་མཉམ་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་གཟི་བརྗིད་དང་ཕུགས་འདུན་གསར་བ་མཉམ་སྤྱོད་བྱེད་དུ་འཇུག་དགོས་ཟེར།

ཞི་ཅིན་ཕིང་གིས་གསུངས་རྒྱུར། སྤྱི་ཚོགས་རིང་ལུགས་སྲོག་ཤིང་རིན་ཐང་ལྟ་བས་སྣེ་ཁྲིད་བྱས་ཏེ་མི་རིགས་སོ་སོར་དབང་བའི་བསམ་བློའི་ཁྱིམ་གཞི་གསར་སྐྲུན་བྱེད་དགོས། རིགས་སོ་སོའི་མང་ཚོགས་ཁྲོད་དུ་སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བའི་སློབ་གསོར་ཤུགས་བསྣན་ཏེ། ཡང་དག་པའི་མེས་རྒྱལ་ལྟ་བ་དང་མི་རིགས་ལྟ་བ། རིག་གནས་ལྟ་བ། ལོ་རྒྱུས་ལྟ་བ་བཅས་བརྟན་པོར་ཆགས་པར་བྱེད་པ་དང་། རིགས་སོ་སོའི་མང་ཚོགས་ཀྱིས་ཀྲུང་ཧྭའི་རིག་གནས་ཁས་ལེན་ཚད་ཇེ་དྲག་ཏུ་གཏོང་དགོས། མི་རིགས་ས་ཁུལ་གྱི་རིམ་པ་སོ་སོ་དང་རིགས་སོ་སོའི་སློབ་གསོ་ལེགས་སྒྲུབ་བྱེད་པ་དང་། རྒྱལ་ཁབ་ཀྱི་ཀུན་སྤྱོད་སྐད་རིགས་དང་ཡིག་རིགས་སློབ་གསོར་ཁྱོན་ཡོངས་ནས་ཤུགས་བསྣན་ཏེ། རིགས་སོ་སོའི་མང་ཚོགས་ཀྱི་ཚན་རིག་རིག་གནས་བྱང་ཚད་སྔར་ལས་ཇེ་མཐོར་གཏོང་དགོས། ན་གཞོན་ལོ་ཆུང་གི་རྒྱལ་གཅེས་རིང་ལུགས་སློབ་གསོར་ཤུགས་སྣོན་རྒྱུ་དེ་འབུར་ཐོན་གོ་གནས་སུ་བཞག་སྟེ་ཀྲུང་ཧྭ་ལ་དགའ་བའི་ས་བོན་དེ་བྱིས་པ་རེ་རེ་ཡི་སེམས་རྒྱུད་དུ་ཆགས་པར་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་ཆེན་མོའི་དར་ཆ་མཐོན་པར་བསྒྲེང་ནས། མི་རིགས་སོ་སོའི་འགྲོ་འོང་བརྗེ་རེས་དང་མཉམ་བསྲེས་ལ་སྐུལ་འདེད་གཏོང་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྲུན་ཁྱོན་ཡོངས་ནས་གཏིང་ཟབ་དང་ཡུན་རིང་བོར་སྤེལ་བ་དང་། བྱེད་ཐབས་དང་འདྲེན་བྱེད་གསར་གཏོད་བྱས་ཏེ། ལས་ཁུངས་དང་ཁེ་ལས། སྡོད་ཁུལ། ཞང་དང་གྲོང་རྡལ། སློབ་གྲྭ དམག་དཔུང་། ཆོས་ལུགས་བྱ་འགུལ་སྤེལ་ས་བཅས་སུ་བསྐྱོད་པར་སྐུལ་འདེད་གཏོང་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཁྲིམས་ལྟར་མི་རིགས་བྱ་བར་བཅོས་སྐྱོང་བྱས་ཏེ། རིགས་སོ་སོའི་སྤྱི་དམངས་བཅའ་ཁྲིམས་མདུན་དུ་འདྲ་མཉམ་ཡིན་པར་ཁག་ཐེག་བྱེད་དགོས། ཁྲིམས་ལྟར་མི་རིགས་དང་འབྲེལ་བའི་གྱོད་གཞི་ཐག་གཅོད་འོས་འཚམ་བྱས་ཏེ། རིགས་སོ་སོའི་སྤྱི་དམངས་ཀྱིས་འདྲ་མཉམ་སྒོས་དབང་ཆ་ལོངས་སྤྱོད་བྱེད་ཐུབ་པ་དང་འདྲ་མཉམ་སྒོས་འོས་འགན་ལག་བསྟར་བྱེད་པར་འགན་སྲུང་བྱེད་པ་དང་། མི་རིགས་བྱ་བའི་བཅོས་སྐྱོང་དེ་ཁྲིམས་སྐྱོང་གི་ལམ་བུའི་སྟེང་འཁོར་སྐྱོད་བྱེད་པར་ཁག་ཐེག་བྱེད་དགོས། སིམ་འཛུལ་དང་རྩ་སློག་གི་གཏོར་བརླག་བྱ་འགུལ་སྣ་ཚོགས་དང་དྲག་ཤུགས་འཇིགས་སྐུལ་བྱ་འགུལ། མི་རིགས་ཁ་ཕྲལ་བྱ་འགུལ། ཆོས་ལུགས་ཐལ་སྐྱོད་བྱ་འགུལ་ཐད་ནས་ཚོད་འགོག་ནན་མོ་བྱེད་པ་དང་མཐའ་གཅིག་ཏུ་རྡུང་རྡེག་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུས་མི་རིགས་བྱ་བ་དེ་གྲོས་རིམ་ཉིན་ཐོ་གལ་ཆེན་ཁྲོད་འཇོག་དགོས། མི་རིགས་ཁྱབ་ཁོངས་ཀྱི་རྨང་གཞིའི་གཞུང་ལུགས་གནད་དོན་དང་མངོན་སུམ་གནད་དོན་གལ་ཆེན་གྱི་ཞིབ་འཇུག་ལ་ཤུགས་སྣོན་དགོས། གཞི་རིམ་རྨང་གཞི་ཇེ་བརྟན་དུ་བཏང་སྟེ། ཏང་སྲིད་ལས་ཁུངས་དང་ཁེ་ལས་དང་ལས་དོན་སྡེ་ཁག དམངས་གཙོ་ཏང་ཁག མི་དམངས་ཚོགས་པ་བཅས་ཀྱིས་མཉམ་དུ་མི་རིགས་བྱ་བ་སྒྲུབ་པར་སྐུལ་འདེད་གཏོང་དགོས། མི་རིགས་བྱ་བའི་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་ལ་མཐོང་ཆེན་བྱས་ནས། མི་རིགས་བྱ་བའི་སྡེ་ཁག་གིས་འགན་འཁྲི་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱེད་དགོས་ཟེར།

ལིས་ཁི་ཆང་གིས་ཚོགས་ཆེན་ལ་འགོ་མཛིན་མཛད་སྐབས་གསུང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས། ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པ་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ་རང་རྒྱལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ཐད་ནས་བླངས་པའི་གྲུབ་འབྲས་རླབས་ཆེན་དང་ཉམས་མྱོང་རྩ་ཆེན་སྤྱི་སྡོམ་བྱས་པ་དང་། མིག་སྔར་གྱི་རང་རྒྱལ་གྱི་མི་རིགས་བྱ་བའི་མདུན་དུ་ལྷགས་པའི་གནས་བབ་ལ་ཁྱོན་ཡོངས་ནས་དབྱེ་ཞིབ་བྱས་ལ། དུས་རབས་གསར་བར་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ལ་སྐུལ་འདེད་གཏོང་བའི་སྤྱིའི་རེ་བ་དང་བྱ་བའི་གཙོ་གནད་གསལ་བོར་བཏོན་པ་དང་། དེར་བསམ་བློ་རང་བཞིན་དང་ཁ་གཏད་རང་བཞིན། མཛུབ་ཁྲིད་རང་བཞིན་ཆེན་པོ་ལྡན། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ། ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་རྒྱུན་མ་ཆད་པར་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པར་སྣེ་ཁྲིད་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ལ་གསར་གཏོད་བྱེད་པ་དང་སྐུལ་འདེད་གཏོང་བ། ལས་འགན་སྣ་ཚོགས་ལག་བསྟར་ཞིབ་མོ་བྱེད་པ། གསར་སྤེལ་མདུན་སྐྱོད་བྱེད་པ། བྱ་བ་བརྟན་བརླིང་ངང་སྤེལ་ནས། མི་རིགས་སོ་སོས་མཉམ་དུ་མཐུན་སྒྲིལ་འབད་འཐབ་བྱེད་པ་དང་མཉམ་དུ་དར་རྒྱས་གོང་འཕེལ་དུ་གཏོང་བར་སྐུལ་འདེད་གཏོང་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་ལེགས་ཐུན་མོང་དང་དཔེ་ལེགས་མི་སྒེར་ལ་གཟེངས་བསྟོད་བྱེད་པའི་སྐོར་གྱི་ཆོད་དོན་སྒྲོག་འདོན་བྱས།

གཟེངས་བསྟོད་ཐོབ་པའི་དཔེ་ལེགས་ཐུན་མོང་དང་དཔེ་ལེགས་མི་སྒེར་གྱི་འཐུས་ཚབ་པས་ཚོགས་ཐོག་ནས་གཏམ་བཤད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་སྐོར་ཞིག་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་ཚོགས་ཆེན་ལ་ཞུགས།

གཟེངས་བསྟོད་ཐོབ་པའི་དཔེ་ལེགས་ཐུན་མོང་དང་དཔེ་ལེགས་མི་སྒེར་གྱི་འཐུས་ཚབ་པ། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས། ཀྲུང་དབྱང་ཏང་སྲིད་དམག་དང་མང་ཚོགས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་བཅས་ཚོགས་ཆེན་ལ་ཞུགས། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།