ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གནང་བའི་མཛད་སྒོ་པེ་ཅིང་དུ་གཟབ་རྒྱས་ངང་འཚོགས་པ། ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་རྣམས་ལ་བྱས་རྗེས་ག

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2019-09-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཚེས་29ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་རྣམས་ལ་བྱས་རྗེས་གཟེངས་རྟགས་དང་གཟི་བརྗིད་མཚན་སྙན་གནང་བ་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་བ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཏམ་བཤད་གནང་བཞིན་པ།

     ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་29ཉིན་གྱི་སྔ་དྲོ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གནང་བའི་མཛད་སྒོ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོའི་གསེར་མདོག་ཚོམས་ཆེན་དུ་གཟབ་རྒྱས་ངང་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་རྣམས་ལ་བྱས་རྗེས་གཟེངས་རྟགས་དང་གཟི་བརྗིད་མཚན་སྙན་གནང་བ་མ་ཟད། གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་དཔའ་བོ་གོང་དུ་བཀུར་ཚེ་གཞི་ནས་དཔའ་བོ་ཐོན་པ་དང་དཔའ་བོར་བརྩོན་ལེན་བྱས་ཚེ་གཞི་ནས་དཔའ་བོ་རྒྱུན་ཆད་མེད་པར་ཐོན་སྲིད། དཔའ་བོ་དཔེ་བཟང་བ་ཚོས་བྱ་སྤྱོད་ངོ་མའི་ཐོག་ནས་རླབས་ཆེན་གྱི་གྲུབ་འབྲས་མཐའ་དག་བྱ་སྤྱོད་དཀྱུས་མ་ལས་ཐོབ་པ་དང་བྱ་སྤྱོད་དཀྱུས་མ་ལས་རླབས་ཆེན་གྱི་གྲུབ་འབྲས་ཐོབ་ངེས་ཡིན་པ་བསྐྱར་དུ་ར་སྤྲོད་བྱས་ཡོད། ཕུགས་བསམ་དང་དད་སེམས་བརྟན་པོ་དང་། ཉམས་པ་མེད་པའི་འབད་འཐབ་ཀྱི་སྙིང་སྟོབས། ཏན་ཏན་ཏིག་ཏིག་བཅས་ཀྱི་སྒོ་ནས་བྱ་བ་ཐམས་ཅད་ལེགས་པར་བསྒྲུབས་ཚེ། མི་དཀྱུས་མ་སུ་ཞིག་ཡིན་རུང་སྤྱིར་བཏང་མིན་པའི་མི་ཚེ་ཞིག་བསྐྱལ་རྒྱུ་ཡོང་སྲིད་ལ། སྤྱིར་བཏང་གི་བྱ་བ་མཐའ་དག་ལ་སྤྱིར་བཏང་མིན་པའི་གྲུབ་འབྲས་ཀྱང་ཐོབ་སྲིད་ཅེས་ནན་བཤད་གནང་བ་རེད། 
     ཞི་ཅིན་ཕིང་གིས་རླབས་ཆེན་གྱི་གྲུབ་འབྲས་མཐའ་དག་ནི་རྒྱུན་ཆད་མེད་པར་འབད་བརྩོན་བྱས་པའི་འབྲས་བུ་ཞིག་རེད། རླབས་ཆེན་གྱི་བྱ་གཞག་མཐའ་དག་ལ་སྔར་སོང་རྒྱུན་འཛིན་དང་མ་འོངས་གསར་གཏོད་བྱེད་པའི་རིང་ལ་སྐུལ་འདེད་གཏོང་དགོས་ཀྱི་ཡོད། དུས་རབས་གསར་པ་ནི་མདུན་ལམ་ཧ་ཅང་ཆེན་པོ་ཡོད་པའི་དུས་རབས་ཤིག་རེད། དེས་ན་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་དཔའ་བོ་དཔེ་བཟང་བ་བཞིན་བརྟན་སྲུང་དང་དཔའ་བོ་དཔེ་བཟང་བ་བཞིན་འབད་འཐབ་བྱས་ཏེ། དུས་རབས་གསར་པའི་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བརྗིད་ཉམས་ཆེ་ཞིང་ཡིད་དབང་འཕྲོག་པའི་རྒྱལ་ཁའི་གླུ་དབྱངས་ཐུན་མོང་ཐོག་རྩོམ་དགོས་ཞེས་ནན་བཤད་གནང་བ་རེད། 
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཁེ་ཆང་དང་། ལི་ཀྲན་ཧྲུའུ། དབང་དབྱང་། ཀྲའོ་ལེ་ཅི། ཧན་ཀྲེང་བཅས་དང་དེ་བཞིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་མཛད་སྒོར་ཕེབས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཝང་ཧུའུ་ཉིང་གིས་གཙོ་སྐྱོང་གནང་བ་རེད། 
     སྔ་དྲོའི་ཆུ་ཚོད་དགུ་པ་ཡོལ་ཙམ་ལ་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་ཚོ་མགྲོན་བསུ་རླངས་འཁོར་ལ་བཞུགས་ཏེ་བཞུགས་གནས་ནས་ཐོན་ཞིང་། རྒྱལ་མགྲོན་སྐུ་སྲུང་རུ་ཁག་གི་སྲུང་སྐྱོང་འོག་མི་དམངས་ཚོགས་ཁང་ཆེ་མོར་ཕེབས་པ་རེད། མི་དམངས་ཚོགས་ཁང་ཆེ་མོའི་ཤར་སྒོའི་ཕྱི་རུ། དར་དམར་མཐོན་པོར་བཏེགས་པའི་གུས་དམག་གིས་ཁག་དབྱེ་ནས་གཞུང་ལམ་གྱི་གཡས་གཡོན་གཉིས་སུ་གྲལ་འགྲིག་པོས་རུ་སྟར་བསྒྲིགས་པ་དང་། ཕྲག་སྟེང་དུ་མེ་མདའ་འཁྱེར་བའི་གུས་དམག་གིས་རྡོ་སྐས་ཐོག་རྔམ་བརྗིད་ལྡན་པའི་ངང་ལངས་པ། གཞོན་ནུ་ལོ་ཆུང་ཚོས་སྤྲོ་སེམས་འཁོལ་པོས་དགའ་འབོད་བྱས་ཏེ་གུས་ལུགས་མཚོན་པར་བྱས་པ་རེད། རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་ཚོས་ས་གདན་དམར་པོ་བཏིངས་པའི་རྡོ་སྐས་བརྒྱུད་མི་དམངས་ཚོགས་ཁང་ཆེ་མོའི་ཤར་སྒོར་ཕེབས་ཤིང་། ཏང་དང་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་གཟི་བརྗིད་མཚན་སྙན་གཟེངས་བསྟོད་ལས་དོན་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་བློ་མཐུན་ཚོས་ཁོང་རྣམ་པ་བསུས་པ་རེད། 
     མི་དམངས་ཚོགས་ཁང་ཆེ་མོའི་གསེར་མདོག་ཚོམས་ཆེན་དུ་སྤྲོ་སེམས་འཁོལ་ལ་རྔམ་བརྗིད་ལྡན་ཞིང་། ཤིན་ཏུ་ཆེ་བའི་རྒྱབ་ལྗོངས་དམར་པོའི་ཐོག་བཀོད་པའི་སྤྱི་མཐུན་རྒྱལ་ཁབ་ཀྱི་གཟེངས་རྟགས་དང་། མཛའ་གྲོགས་བྱས་རྗེས་ཀྱི་གཟེངས་རྟགས། རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གྱི་གཟེངས་རྟགས་བཅས་ཀྱི་རི་མོ་བཀྲག་མདངས་ཤིན་ཏུ་ཆེ་བ་དང་། རྒྱབ་ལྗོངས་དམར་པོའི་མདུན་གྱི་གཞོགས་གཉིས་སུ་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་བཅོ་བརྒྱད་བསྒྲིགས་པ། དཔའ་ཉམས་དོད་པའི་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་གི་གུས་དམག་གིས་གཟེངས་རྟགས་སྤྲོད་སྟེགས་ཀྱི་གཡས་གཡོན་གཉིས་སུ་མེ་མདའ་ལག་ཏུ་བཟུང་ནས་ཀྲོང་ངེར་ལངས་ཡོད། 
     སྔ་དྲོའི་ཆུ་ཚོད་9དང་སྐར་མ་58ལ་སྤྲོ་སྣང་ལྡན་པའི་རོལ་དབྱངས་དང་བསྟུན་ནས་ཞི་ཅིན་ཕིང་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་ཚོ་དང་ལྷན་དུ་ཚོགས་རར་ཕེབས་སྐབས་ཚང་མས་ཡར་བཞེངས་ཏེ་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་རེད། 
     སྔ་དྲོའི་ཆུ་ཚོད་བཅུ་པ་ཏག་ཏག་ལ་མཛད་སྒོ་འགོ་ཚུགས་ཤིང་། བཅིངས་འགྲོལ་དམག་གི་དམག་མིའི་རོལ་ཆ་རུ་ཁག་གིས《བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས》དཀྲོལ་བ་དང་ཆབས་ཅིག ཚང་མས་སྐད་གསང་མཐོན་པོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས་པ་རེད། 
     ཝང་ཧུའུ་ཉིང་གིས་ཞི་ཅིན་ཕིང་གིས་མཚན་རྟགས་བཀོད་གནང་བའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་བཀའ་རྒྱ་སྒྲོག་སྦྱངས་གནང་བ་རེད། ཀྲུའུ་ཞིའི་བཀའ་རྒྱའི་ནང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བ་དང་། ཀྲུང་གོ་གསར་པ་འཛུགས་སྐྲུན་དང་འཕེལ་རྒྱས་ཆེད་གཟེངས་སུ་ཐོན་པའི་ལེགས་སྐྱེས་འབུལ་མཁན་གྱི་བྱས་རྗེས་ཆེ་བའི་དཔེ་བཟང་མི་སྣར་གཟེངས་བསྟོད་གཟབ་རྒྱས་བྱེད་པ། མི་རིགས་ཀྱི་སྙིང་སྟོབས་དང་དུས་རབས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་བྱ་ཆེད། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གསུམ་པའི་གཏན་འབེབས་གཞིར་བཟུང་། ཡུས་མིན་སོགས་བློ་མཐུན་8ལ་སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་། ལོའར·ཁཱ་སི་ཐེ་ལུའོ·ལུའུ་སི་སོགས་མི་6ལ་མཛའ་གྲོགས་བྱས་རྗེས་ཀྱི་གཟེངས་རྟགས། ཡེ་ཕེ་ཅན་སོགས་མི་28ལ་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གྱི་གཟེངས་རྟགས་བཅས་སྤྲོད་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད། 
     རྒྱལ་དར་སྲུང་སྐྱོང་བ་2ཀྱིས་སྐར་ལྔའི་དར་དམར་མཐོན་པོར་བཏེགས་པ་དང་། གུས་དམག་3གྱིས་ལག་ཏུ་སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་། མཛའ་གྲོགས་བྱས་རྗེས་ཀྱི་གཟེངས་རྟགས། རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གྱི་གཟེངས་རྟགས་བཅས་ཐོགས་ཏེ་ཟིལ་རྔམ་ཆེ་བའི་གོམ་པ་སྤོ་བཞིན་མཛད་སྒོ་འཚོགས་ཡུལ་དུ་བསྐྱོད། 
     རྔམ་བརྗིད་ལྡན་ཞིང་སྤྲོ་སེམས་རྒྱས་པའི《མེས་རྒྱལ་ལ་གུས་འདུད་ཞུ》ཞེས་པའི་རོལ་དབྱངས་ཀྱི་སྒྲའི་ཁྲོད། ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་རེ་རེ་བཞིན་ལ་བྱས་རྗེས་གཟེངས་རྟགས་གནང་བ་མ་ཟད། ཁོང་ཚོར་བྱམས་བརྩེའི་ངང་ཕྱག་བཏང་སྟེ་རྟེན་འབྲེལ་ཡང་ཞུས་པས་ཚོགས་ར་ཡོངས་སུ་སྤྲོ་སེམས་རབ་ཏུ་འཁོལ་བའི་ཐལ་མོའི་རྡེབ་སྒྲས་ཁེངས། ལོ་ཆུང་གདོང་ལེན་རུ་མིས་བྱས་རྗེས་དཔེ་བཟང་བ་དེ་དག་ལ་མེ་ཏོག་སོས་པ་ཕུལ་ནས་གུས་འདུད་ཀྱང་ཞུས་པ་རེད། 
     ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་དང་ཐོག་ཏང་ཀྲུང་དབྱང་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཀྲུང་དབྱང་དམག་ཨུད་བཅས་ཀྱི་ཚབ་ཞུས་ཏེ་སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་གྱི་དཔའ་བོ་དཔེ་བཟང་བ་དང་། མཛའ་གྲོགས་བྱས་རྗེས་ཀྱི་གཟེངས་རྟགས་ཐོབ་པའི་རྒྱལ་སྤྱིའི་གྲོགས་པོར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་མ་ཟད་བླ་ན་མེད་པའི་གུས་འདུད་ཀྱང་ཞུས་པ་རེད། 
     ཞི་ཅིན་ཕིང་གིས། གཟེངས་བསྟོད་ཐོབ་པའི་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་ཚོ་ནི་ཏང་དང་མི་དམངས་ཀྱི་བྱ་གཞག་ཆེད་ལེགས་སྐྱེས་འབུལ་མཁན་གྱི་ཕུལ་བྱུང་སྐྱེ་བོ་ཁྲི་སྟོང་མང་པོའི་འཐུས་མི་ཤ་སྟག་རེད། ཁོང་ཚོའི་ལུས་ཐོག་ནས་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོན་ཉམས་དོད་པོས་མངོན་ཡོད་ལ། ཁོང་ཚོའི་བྱས་རྗེས་དང་ལེགས་སྐྱེས་དག་ནམ་ཡང་སྤྱི་མཐུན་རྒྱལ་ཁབ་ཀྱི་ལོ་རྒྱུས་དེབ་ཐེར་ཐོག་འཁོད་རྒྱུ་རེད་ཅེས་གསུངས་པ་རེད། 
     ཞི་ཅིན་ཕིང་གིས། ཏང་དང་རྒྱལ་ཁབ་ཀྱིས་སྔར་ནས་བཟུང་དཔའ་བོ་དཔེ་བཟང་བར་གཟེངས་བསྟོད་བྱ་རྒྱུར་མཐོང་ཆེན་པོ་བྱེད་ཀྱི་ཡོད། ང་ཚོས་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་དཔའ་བོ་དཔེ་བཟང་བར་བྱ་དགའ་སྤྲོད་དོན་ནི་ཁོང་ཚོའི་ལུས་ཐོག་ནས་མངོན་པའི་ཟོལ་མེད་དང་། སྡུག་རུས། བབ་ཆགས་བཅས་ཀྱི་མངོན་གསལ་དོད་པའི་གཤིས་སྤྱོད་དར་སྤེལ་གཏོང་ཆེད་ཡིན། དཔའ་བོ་དཔེ་བཟང་བ་ཚོས་ཏང་དང་མི་དམངས་ཀྱི་བྱ་གཞག་བསྒྲུབ་རྒྱུའི་འགྱུར་མེད་དམ་བཅའ་བཞག་པ་དང་དཀའ་ངལ་ལ་མགོ་མི་སྒུར་བར་ཚང་མས་ཏང་དང་མི་དམངས་ཀྱི་དགོས་མཁོ་ཆེ་ཤོས་ཀྱི་སར་ཞུམ་མེད་གདོང་མཆོང་དང་འབད་བརྩོན་ཆེན་པོ་བྱས་པ་དང་། ཚང་མས་སྤྱིར་བཏང་གི་ལས་གནས་ཐོག་རང་དོན་རྒྱབ་སྐྱུར་སྒོས་སྒེར་སེམས་མེད་པའི་ལེགས་སྐྱེས་ཕུལ་ཞིང་། དེ་དག་ཁྲོད་ནས་བློ་མཐུན་མང་པོས་སོ་སོའི་མིང་ངོ་མ་སྦ་གསང་བྱས་ཏེ། མི་རྣམས་ཧང་སངས་དགོས་པའི་དཔེ་མཚོན་ལས་དོན་བསྒྲུབས་ནས་བདག་བས་གཞན་གཅེས་ཀྱི་གོ་རྟོགས་རླབས་ཆེན་མངོན་པར་བྱས་ཡོད། གཟེངས་བསྟོད་ཐོབ་པའི་བློ་མཐུན་ཚོས་གཟི་བརྗིད་མཚན་སྙན་ལ་གཅེས་སྤྲས་དང་ཡང་འབད་བསྐྱར་འབད་བྱས་ཏེ་དད་སེམས་དང་། ཡིད་ཆེས། གདེང་ཚོད་བཅས་བརྟན་པོར་བརྟེན་ནས་མི་སྔར་བས་མང་བར་ཤུགས་རྐྱེན་སྤྲོད་རྒྱུའི་རེ་བ་ཡོད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་དཔའ་བོ་དཔེ་བཟང་བར་སེམས་ཁུར་དང་། ཐུགས་ཁུར། བྱམས་སྐྱོང་བཅས་བྱས་ཏེ་སྤྱི་ཚོགས་ཡོངས་སུ་དཔའ་བོར་དད་གུས་དང་སློབ་སྦྱོང་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། བྱ་སྤྱོད་ངོ་མའི་ཐོག་ནས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་དུ་འགྱུར་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད། 
     ཞི་ཅིན་ཕིང་གིས། གཟེངས་བསྟོད་ཐོབ་མཁན་ཁྲོད་ད་དུང་དུས་ཡུན་རིང་པོར་ང་ཚོར་རྒྱབ་སྐྱོར་དང་རོགས་རམ་བྱེད་མཁན་ཀྲུང་གོ་མི་དམངས་ཀྱི་གྲོགས་པོ་རྙིང་པ་དང་གྲོགས་པོ་བཟང་པོའང་ཡོད། ཁོང་ཚོས་ཀྲུང་གོའི་འཕེལ་རྒྱས་ཆེད་ལེགས་སྐྱེས་ཕུལ་བར་ང་ཚོས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོ་མི་དམངས་ཀྱིས་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་དང་མཉམ་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་ཆེད་སྐུལ་མ་བཏང་ནས་ང་ཚོའི་གོ་ལ་འདི་སྔར་བས་མཛེས་སྡུག་ལྡན་པ་ཞིག་ཡོང་བ་བྱེད་འདོད་ཡོད་ཅེས་གསུངས་པ་རེད། 
     མཛད་སྒོའི་ཐོག་སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་ཐོབ་མཁན་ཧོང་ཞུས་ཧྭ་དང་མཛའ་གྲོགས་བྱས་རྗེས་ཀྱི་གཟེངས་རྟགས་ཐོབ་མཁན་མ་ཧ་ཀྲ་ཁེ་ལི·ཧྲི་ལིན་ཐུང་གིས་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་གྱི་ཚབ་ཞུས་ཏེ་གཏམ་བཤད་སྤེལ་བ་རེད།

ཚེས་29ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གནང་བའི་མཛད་སྒོ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོའི་གསེར་མདོག་ཚོམས་ཆེན་དུ་གཟབ་རྒྱས་ངང་འཚོགས་ཤིང་། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་ཚོ་དང་ལྷན་བཞུགས་སྐུ་པར་བསྐྱོན་པ།

ཚེས་29ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གནང་བའི་མཛད་སྒོ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོའི་གསེར་མདོག་ཚོམས་ཆེན་དུ་གཟབ་རྒྱས་ངང་འཚོགས་ཤིང་། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་ཚོ་དང་ལྷན་བཞུགས་སྐུ་པར་བསྐྱོན་པ།

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།