ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་དང་ལིས་ཁི་ཆང་གཉིས་ཀྱིས་སོ་སོར་ཧྥ་རན་སིའི་སྔོན་ཆད་ཀྱི་ཙུང་ཐུང་ཞི་ལ་ཁི་སྐུ་གཤེགས་པའི་ཐད་ནས་ཧྥ་རན་སིའི་ཙུང་ཐུང་དང་ཙུང་ལི་གཉིས་ལ་མྱ་ངན་ཞུ་བའི་གློག་འཕྲིན་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་སྔོན་ཧྥ་རན་སིའི་སྔོན་ཆད་ཀྱི་ཙུང་ཐུང་ཞི་ལ་ཁི་སྐུ་གཤེགས་པའི་ཐད་ནས་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་ལ་མྱ་ངན་ཞུ་བའི་གློག་འཕྲིན་བཏང་བར་མ་ཟད། ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་བྱས་ཏེ། སྔོན་ཆད་ཀྱི་ཙུང་ཐུང་ཞི་ལ་ཁི་སྟབས་མ་ལེགས་པར་སྐུ་གཤེགས་པར་སེམས་གཏིང་ནས་མྱ་ངན་ཞུས་པ་དང་། ཧྥ་རན་སི་སྲིད་གཞུང་དང་མི་དམངས། ཙུང་ཐུང་ཞི་ལ་ཁིའི་ཁྱིམ་མི་བཅས་ལ་བརྩེ་བའི་འཚམས་འདྲི་ཞུས།

ཞི་ཅིན་ཕིང་གིས་མྱ་ངན་ཞུ་བའི་གློག་འཕྲིན་ཁང་བསྟན་དོན། སྔོན་ཆད་ཀྱི་ཙུང་ཐུང་ཞི་ལ་ཁི་ནི་འཛམ་གླིང་ན་མིང་གྲགས་ཡོད་པའི་ཆབ་སྲིད་པ་དང་འཐབ་ཇུས་པ་ཡིན་ལ། ཀྲུང་གོ་མི་དམངས་ཀྱི་ཆེས་བཟང་བའི་གྲོགས་པོ་རྙིང་བ་ཡིན། ཁོང་གིས་ཀྲུང་གོ་དང་ཧྥ་རན་སིའི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཛུགས་སྐྲུན་དང་འཕེལ་རྒྱས་སུ་གཏོང་བ། ཀྲུང་གོ་དང་ཡོ་རོབ་གླིང་གི་མཛའ་མཐུན་མཉམ་ལས་ལ་སྐུལ་འདེད་གཏོང་བ། ཤར་ནུབ་ཕྱོགས་ཀྱི་དཔལ་ཡོན་བརྗེ་རེས་ཐད་ནས་ཕན་ཚུན་ལ་དཔེ་ལྟ་བྱེད་པར་ཡར་སྐུལ་གཏོང་བ། འཛམ་གླིང་སྣེ་མང་ཅན་དང་ཕྱོགས་མང་རིང་ལུགས་ཀྱི་གྲོས་འགོ་འདོན་པ། འཛམ་གླིང་གི་ཞི་བདེ་གཏན་འཇགས་ལ་སྲུང་སྐྱོང་བཅས་བྱེད་པའི་ཐད་ལ་ཆེས་གལ་ཆེ་བའི་བྱས་རྗེས་ཆེན་པོ་བཞག་ཡོད། ཁོ་རང་སྟབས་མ་ལེགས་པར་སྐུ་གཤེགས་པ་ནི་ཧྥ་རན་སི་དང་ཧྥ་རན་སི་མི་དམངས་ཀྱི་གྱོང་གུད་ཆེན་པོ་ཞིག་ཡིན་ལ། ཀྲུང་གོ་མི་དམངས་ལ་མཚོན་ན་ཆེས་བཟང་བའི་གྲོགས་པོ་རྙིང་བ་ཞིག་མེད་སོང་བ་རེད་ཟེར། 

ཞི་ཅིན་ཕིང་གིས་བསྟན་དོན། བདག་གིས་ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བའི་འཕེལ་རྒྱས་ལ་མཐོང་ཆེན་ཚད་མཐོན་པོ་བྱེད་བཞིན་ཡོད་པ་དང་། ཙུང་ཐུང་མཱ་ཁི་ལུང་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱུན་ཆད་མེད་པར་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་མཉམ་ལས་འབྲེལ་བར་རྣམ་པ་གསར་བ་གསར་སྐྲུན་བྱེད་འདོད་ཡོད་ཟེར།

ཉིན་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཀྱང་སྔོན་ཆད་ཀྱི་ཙུང་ཐུང་ཞི་ལ་ཁི་སྐུ་གཤེགས་པའི་ཐད་ནས་ཧྥ་རན་སིའི་ཙུང་ལི་ཧྥེ་ལི་ཕུའུ་ལ་མྱ་ངན་ཞུ་བའི་གློག་འཕྲིན་བཏང་སྟེ། སྐྱོ་སེམས་ཆེན་པོས་མྱ་ངན་དང་སེམས་ཁོང་ནས་འཚམས་འདྲི་ཞུས།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།