ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཀྲན་ཧྲུའུ་ཡིས་ཧ་སག་སི་ཐན་ལ་དངོས་གཞི་འཚམས་འདྲི་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧ་སག་སི་ཐན་གྱི་གྲོས་ཁང་གོང་མའི་གྲོས་དཔོན་ནཱ་ཀྲ་ཨེར་པཱ་ཡེ་ཝ་དང་གྲོས་ཁང་འོག་མའི་གྲོས་དཔོན་ཉི་ཀུ་མཱ་ཐུའུ་ལེན་གྱིས་གདན་དྲངས་པ་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཚེས་ཉེར་གཅིག་ཉིན་ནས་ཚེས་ཉེར་ལྔ་ཉིན་བར་ཧ་སག་སི་ཐན་ལ་དངོས་གཞི་མཛའ་བརྩེའི་འཚམས་འདྲི་མཛད་དེ། ནུའུ་ཨེར་སུའུ་ཏན་ནས་ཙུང་ཐུང་ཐོག་མ་ནཱ་ཀྲ་ཨེར་པཱ་ཡེ་ཧྥུའུ་དང་ཙུང་ཐུང་ཐུའོ་ཁ་ཡེ་ཧྥུའུ་གཉིས་ལ་མཇལ་འཕྲད་གནང་བ་དང་། སོ་སོར་ནཱ་ཀྲ་ཨེར་པཱ་ཡེ་ཝ་དང་ཉི་ཀུ་མཱ་ཐུའུ་ལེན་གཉིས་དང་གྲོས་མོལ་མཛད་ལ། ཙུང་ལི་མཱ་མེན་དང་མཉམ་དུ་འབྲེལ་ཡོད་བྱ་འགུལ་ལ་ཞུགས། ཧ་སག་སི་ཐན་གྱི་འགོ་ཁྲིད་མི་སྣས་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུས་པ་དང་། ལིས་ཀྲན་ཧྲུའུ་ཡིས་དེར་བཀའ་དྲིན་ཞུས།

ནཱ་ཀྲ་ཨེར་པཱ་ཡེ་ཧྥུའུ་ལ་མཇལ་འཕྲད་གནང་སྐབས། ལིས་ཀྲན་ཧྲུའུ་ཡིས་ཐོག་མར་ཀྲུའུ་ཞི་ཞི་ཅིན་ཕིང་གི་འཚམས་འདྲི་བརྒྱུད་སྒྲོག་བྱས། ཁོང་གིས་གསུང་རྒྱུར། ཀྲུང་གོ་དང་ཧ་སག་སི་ཐན་བར་འབྲེལ་བ་བཙུགས་པའི་ལོ་ངོ་ཉེར་བདུན་རིང་ལ། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་མི་སྣས་འཐབ་ཇུས་སྣེ་ཁྲིད་དང་སྐུལ་འདེད་འོག ཀྲུང་གོ་དང་ཧ་སག་སི་ཐན་གྱི་འབྲེལ་བའི་ཐད་ནས་ལོ་རྒྱུས་རང་བཞིན་གྱི་མཆོང་བརྒལ་མངོན་འགྱུར་བྱུང་ནས། རྒྱལ་ཁབ་བར་གྱི་འབྲེལ་བའི་དཔེ་མཚོན་དུ་གྱུར་ཡོད། ཕྱོགས་གཉིས་ཀྱིས་ཆབ་སྲིད་ཀྱི་རང་རྟོན་ཇེ་དྲག་ཏུ་གཏོང་བ་དང་། ཁྱོན་ཡོངས་ཀྱི་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། ཀྲུང་གོ་དང་ཧ་སག་སི་ཐན་གྱི་མཉམ་ལས་ཀྱིས་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཕན་འདོགས་ཐུབ་པར་བྱེད་དགོས། ཀྲུང་གོས་ཧ་སག་སི་ཐན་རང་རྒྱལ་ཁབ་ཀྱི་གནས་ཚུལ་དངོས་དང་མཐུན་པའི་འཕེལ་རྒྱས་ཀྱི་ལམ་བུ་རུ་བསྐྱོད་པར་སྔར་བཞིན་དུ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར། ནཱ་ཀྲ་ཨེར་པཱ་ཡེ་ཧྥུའུ་ཡིས་བསྟན་དོན། ཀྲུང་གོ་ནི་ཧ་སག་སི་ཐན་གྱི་གྲོགས་པོ་བཟང་བོ་ཡིན་ལ། ཀྲུང་གོའི་འཕེལ་རྒྱས་ཀྱིས་ཧ་སག་སི་ཐན་ལ་ཕན་ཆེན་པོ་འདོགས་ཐུབ། མུ་མཐུད་དུ་ཧ་སག་སི་ཐན་དང་ཀྲུང་གོའི་འབྲེལ་བ་སྲ་བརྟན་དང་གོང་འཕེལ་དུ་གཏོང་རྒྱུ་དེ། ནམ་ཡང་ཧ་སག་སི་ཐན་གྱི་ཕྱི་ཕྱོགས་སྲིད་ཇུས་ཀྱི་སྔོན་འགྲོའི་ཁ་ཕྱོགས་ཡིན་པ་དང་། ཀྲུང་གོས་རླབས་ཆེན་བསྐྱར་དར་གྱི་དམིགས་འབེན་ཆེན་པོ་མངོན་འགྱུར་བྱེད་ཐུབ་པར་ཡིད་ཆེས་བརྟན་པོ་བཅངས་ཡོད་ཟེར།

ཐུའོ་ཁཱ་ཡེ་ཧྥུའུ་ལ་མཇལ་འཕྲད་གནང་སྐབས། ལིས་ཀྲན་ཧྲུའུ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་སྨོན་འདུན་བརྒྱུད་སྒྲོག་བྱས། ཁོང་གིས་གསུང་རྒྱུར། ཧ་སག་སི་ཐན་ནི་དར་གོས་ཚོང་ལམ་དཔལ་འབྱོར་ཁུལ་གྱི་གྲོས་གཞི་འདོན་མཁན་གྱི་རྒྱལ་ཁབ་ཐོག་མ་ཡིན། ཕྱོགས་གཉིས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཞབས་ཙུང་ཐུང་གཉིས་ཀྱིས་མཉམ་དུ་གཏན་ཁེལ་བྱས་པའི་ཀྲུང་གོ་དང་ཧ་སག་སི་ཐན་གྱི་ཡུན་རིང་གི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་གནས་ཐིག་གསར་བ་ལྟར། ནམ་ཡང་ཕན་ཚུན་ལ་བརྩི་མཐོང་དང་ཡིད་རྟོན། རྒྱབ་སྐྱོར་བྱས་ནས། ཕན་ཚུན་གྱི་འཕེལ་རྒྱས་དར་སྤེལ་ཐད་ཀྱི་འཐབ་ཇུས་འདེགས་སྐྱོར་རུ་འགྱུར་བར་བྱེད་དགོས། ཁྱོན་ཡོངས་ནས་ཐོན་ནུས་དང་ནུས་ཁུངས། ཞིང་ལས། མཉམ་འབྲེལ་མཉམ་མཐུད། དངུལ་རྩ། ཁོངས་བརྒལ་གློག་ཚོང་། མཐོ་གསར་ལག་རྩལ། སློབ་གསོ་དང་ལུས་རྩལ། རིག་གནས། གནས་སྐོར་བཅས་ཕྱོགས་ཀྱི་མཉམ་ལས་བརྗེ་རེས་ལ་ཤུགས་བསྣན་ནས། དངོས་གཉེར་མཉམ་ལས་ཀྱི་ཆུ་ཚད་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་དགོས་ཟེར། ཐུའོ་ཁཱ་ཡེ་ཧྥུའུ་ཡིས་ཀྲུང་གོའི་དཔལ་འབྱོར་སྤྱི་ཚོགས་ཐད་ནས་བླངས་པའི་རླབས་ཆེན་གྱི་གྲུབ་འབྲས་ལ་གདེང་འཇོག་ཚད་མཐོན་པོ་བྱས།

ནཱ་ཀྲ་ཨེར་པཱ་ཡེ་ཝ་དང་ཉི་ཀུ་མཱ་ཐུའུ་ལེན་གཉིས་དང་གྲོས་མོལ་མཛད་སྐབས། ལིས་ཀྲན་ཧྲུའུ་ཡིས་གསུང་རྒྱུར། ཕྱོགས་གཉིས་ཀྱི་འབྲེལ་བའི་གནས་ཐིག་གསར་བ་ལྟར། རྒྱལ་ཁབ་གཉིས་ཀྱི་འགོ་གཙོའི་བར་གྲུབ་པར་ཐུན་མོང་གི་ལྟ་བ་ལག་བསྟར་བཟང་བོ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཐད་བཅའ་ཁྲིམས་དང་སྲིད་ཇུས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས། རིགས་གསར་བའི་ཀྲུང་གོ་དང་ཧ་སག་སི་ཐན་གྱི་དངུལ་གཏོང་སྲུང་སྐྱོབ་ཐད་ཀྱི་རིགས་གསར་བའི་གྲོས་མཐུན་བཀོད་པར་སྐུལ་འདེད་གཏོང་བ་དང་། རྒྱལ་མཚམས་བརྒལ་བ་དང་ངལ་རྩོལ་པ་ཕྱིར་གཏོང་བར་ཆོག་མཆན་འགོད་པ་སོགས་ཕྱོགས་ཀྱི་འགྲོ་ལུགས་སྟབས་བདེ་རུ་བཏང་སྟེ། བཅའ་ཁྲིམས་ལ་བརྟེན་ནས་དངུལ་གཏོང་ཁོར་ཡུག་བཟང་བོ་བསྐྲུན་དགོས་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།