ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་དབྱི་རག་གི་ཙུང་ལི་ཨ་པུའུ་ཏུའུ་ལི་མེ་ཧི་ཏི་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཟླ9བའི་ཚེས23ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དབྱི་རག་གི་ཙུང་ལི་ཨ་པུའུ་ཏུའུ་ལི་མེ་ཧི་ཏི་ལ་མཇལ་འཕྲད་གནང་། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས23ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་དབྱི་རག་གི་ཙུང་ལི་ཨ་པུའུ་ཏུའུ་ལི་མེ་ཧི་ཏི་ལ་མཇལ་འཕྲད་གནང་། 

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་དབྱི་རག་བར་དུ་སྲོལ་རྒྱུན་མཛའ་མཐུན་འབྲེལ་བ་ཟབ་མོ་ལྡན། ན་ནིང་ཕྱོགས་གཉིས་ཀྱིས་མཉམ་དུ་རྒྱལ་ཁབ་གཉིས་བར་ལ་འབྲེལ་བ་བཙུགས་ནས་ལོ་ངོ་དྲུག་ཅུ་ལོན་པར་དགའ་སྟོན་རྟེན་འབྲེལ་ཞུས་པ་ཡིན་ལ། ད་ལོ་ནི་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པའི་ལོ་རེད། ལོ་རྒྱུས་ཀྱི་འགོ་རྩོམ་ས་གསར་བའི་སྟེང་ཀྲུང་གོ་ཕྱོགས་ཀྱིས་དབྱི་རག་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་བ་ཞིག་ཏུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར། 

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་དབྱི་རག་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་རང་བཙན། གཅིག་གྱུར། མངའ་ཁོངས་ཆ་ཚང་ཡོང་བ་བཅས་ཀྱི་ཐད་ལ་སྲུང་སྐྱོང་དང་འབད་བརྩོན་བྱས་པར་རྒྱབ་སྐྱོར་བྱེད་པ་དང་། ཕྱི་ཕྱོགས་ཀྱི་སྟོབས་ཤུགས་གང་གིས་ཀྱང་དབྱི་རག་གི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ་བྱེད་པ་ཡིན། ཀྲུང་གོ་ཕྱོགས་ཀྱིས་དབྱི་རག་གིས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འཐབ་འཛིང་ཁྲོད་ནས་རྒྱལ་ཁབ་ཆེན་པོ་བླངས་པར་རྟེན་འབྲེལ་ཞུ་བཞིན་ཡོད་པར་མ་ཟད། དབྱི་རག་ཕྱོགས་ཀྱིས་མུ་མཐུད་དུ་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པ་དང་རྒྱལ་ཁབ་བསྐྱར་འཛུགས་བྱེད་པར་རྒྱབ་སྐྱོར་དང་རོགས་རམ་བྱས་ཏེ། རྒྱལ་ཁབ་ཡུན་རིང་བདེ་འཇགས་དང་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་བྱེད་དུ་འཇོག་འདོད་ཡོད་ཟེར།

ཨ་པུའུ་ཏུའུ་ལི་མེ་ཧི་ཏི་ཡིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་ལྷག་བསམ་རྣམ་དག་གི་སྒོ་ནས་རྟེན་འབྲེལ་ཞུས།

ཁོས་བསྟན་དོན། ཀྲུང་གོས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་རྒྱལ་ཁབ་ཀྱི་བདག་དབང་དང་རང་བཙན། མི་རིགས་ཀྱི་ལ་རྒྱ་བཅས་སྲུང་སྐྱོང་བྱས་ཏེ་འཕེལ་རྒྱས་ཀྱི་གྲུབ་འབྲས་རླབས་པོ་ཆེ་བླངས་ཡོད། དེང་སྐབས་ཀྱི་འཛམ་གླིང་གི་གནས་སྟངས་ཁྲོད་དུ་ཀྲུང་གོ་ནི་འཛམ་གླིང་གི་ཞི་བདེ་དང་གཏན་འཇགས། འཆམ་མཐུན་བཅས་ལ་སྲུང་སྐྱོང་བྱེད་པའི་སྟོབས་ཤུགས་ཆེན་པོ་ཞིག་ཡིན་ཟེར།

དབྱང་ཅེ་ཁྲི་དང་ཧི་ལི་ཧྥིན་སོགས་མཇལ་འཕྲད་ལ་ཞུགས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།