ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས《འདྲ་མཉམ་དང་། འཕེལ་རྒྱས། མཉམ་སྤྱོད། ཀྲུང་གོ་གསར་པའི་ལོ་ངོ་བདུན་ཅུའི་བུད་མེད་བྱ་གཞག་གི་འཕེལ་རྒྱས་དང་ཡར་ཐོན》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་བཏོན་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-09-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས19ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས《འདྲ་མཉམ་དང་། འཕེལ་རྒྱས། མཉམ་སྤྱོད། ཀྲུང་གོ་གསར་པའི་ལོ་ངོ་བདུན་ཅུའི་བུད་མེད་བྱ་གཞག་གི་འཕེལ་རྒྱས་དང་ཡར་ཐོན》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་བཏོན་པ་རེད།

རྒྱབ་ཤ་དཀར་པོའི་དེབ་ནང་། ལོ་ངོ་བདུན་བཅུའི་རིང་ཀུང་གོའི་བུད་མེད་བྱ་གཞག་སྔ་བར་ཕྱི་གསུམ་དུ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་དང་དམ་པོར་སྦྲེལ་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག བུད་མེད་མི་རབས་དང་མི་རབས་ཀྱིས་ཀྲུང་གོའི་འཛུགས་སྐྲུན་དང་། སྒྱུར་བཅོས། འཕེལ་རྒྱས་བཅས་ལ་གསར་འབྱེད་ཡར་བརྩོན་དང་སྟོབས་ཤུགས་ལེགས་སྐྱེས་ཕུལ་ཡོད། ཀྲུང་ཧྭ་མི་རིགས་ཡར་ལངས་པ་དང་། ཕྱུག་པོ་ཆགས་པ། སྟོབས་ཆེན་ཆགས་པ་བཅས་ཀྱི་མཆོང་སྐྱོད་རླབས་པོ་ཆེའི་ཁྲོད་དུ་ཀྲུང་གོའི་བུད་མེད་ཀྱི་གནས་བབ་ལའང་གནམ་ས་བླ་འོག་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་ཅེས་འཁོད་ཡོད།

རྒྱབ་ཤ་དཀར་པོའི་དེབ་ནང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག བུད་མེད་ཁྲི་སྟོང་མང་པོས་སྔར་བས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བུད་མེད་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་དེ། དམངས་གཙོའི་དབང་ཆ་འདྲ་མཉམ་ངང་ཁྲིམས་ལྟར་ལག་བསྟར་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ནང་འདྲ་མཉམ་ངང་ཞུགས་པ། སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་འདྲ་མཉམ་ངང་ལོངས་སྤྱོད་བཅས་བྱས་ཏེ་བདག་པོའི་གནས་བབ་སྔར་བས་མངོན་གསལ་དོད་དུ་ཕྱིན་པ་དང་། གནམ་གྱི་ཕྱེད་ཀ་འདེགས་པའི་སྟོབས་ཤུགས་ཀྱང་འདོན་སྤེལ་གང་ལེགས་ཐུབ་སྟེ་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཉིན་བཞིན་ཆེ་རུ་འགྲོ་བཞིན་ཡོད། ཀྲུང་གོའི་བུད་མེད་བྱ་གཞག་ལ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་ཁུར་བྱེད་འོས་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་ཅེས་འཁོད་ཡོད།

རྒྱབ་ཤ་དཀར་པོའི་དེབ་ནང་། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་བདུན་ཅུའི་རིང་། ཀྲུང་གོའི་བུད་མེད་བྱ་གཞག་གི་འཕེལ་རྒྱས་དང་ཡར་ཐོན་ལ་འོད་སྟོང་འབར་བའི་གྲུབ་འབྲས་ཐོབ་ཡོད། ཀྲུང་གོའི་བུད་མེད་བྱ་གཞག་གི་འཕེལ་རྒྱས་དང་ཡར་ཐོན་གྱི་ལོ་རྒྱུས་ལམ་བུ་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག བུད་མེད་ཁྲི་སྟོང་མང་པོས་རྒྱལ་ཁབ་སྟོབས་འབྱོར་མངའ་ཐང་རྒྱས་པ་དང་མི་རིགས་དར་རྒྱས་གོང་འཕེལ་ཡོང་ཆེད། འབད་འབུངས་ཡར་བརྩོན་བྱས་པའི་འབད་འཐབ་ཀྱི་ལོ་རྒྱུས་ལམ་བུ་ཞིག་དང་། བུད་མེད་དང་དཔལ་འབྱོར་སྤྱི་ཚོགས་དུས་མཉམ་དུ་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ཞིག ཕོ་མོ་འདྲ་མཉམ་དང་སྤྱི་ཚོགས་ཤེས་དཔལ་ཡར་ཐོན་མཉམ་འདྲེས་ཡོང་བའི་བརྒྱུད་རིམ་ཞིག ཀྲུང་གོའི་བུད་མེད་ཀྱིས་གོ་ལ་ཧྲིལ་པོའི་བུད་མེད་དང་ལྷན་དུ་མཛེས་སྡུག་ལྡན་པའི་འཛམ་གླིང་མཉམ་སྐྲུན་མཉམ་སྤྱོད་ཀྱི་ཤེས་དཔལ་གྱི་འཕེལ་རིམ་ཞིག་རེད་ཅེས་ནན་བཤད་བྱས་ཡོད།

རྒྱབ་ཤ་དཀར་པོའི་དེབ་ནང་། ཀྲུང་གོའི་འཕེལ་རྒྱས་དུས་རབས་གསར་པར་སླེབས་ཡོད། ཆུ་ཚད་དེ་བས་མཐོ་བའི་སྒོ་ནས་ཕོ་མོ་འདྲ་མཉམ་དང་བུད་མེད་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བར། གོ་སྐབས་འཕྲད་ཡོད་ལ། ལས་འགན་ལྕི་བ་དང་ལམ་ཐག་ཧ་ཅང་རིང་པོ་ཡོད། ཀྲུང་གོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག འཕེལ་རྒྱས་གཏོང་རིང་བུད་མེད་ཀྱི་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། ཐོག་མའི་བསམ་འདུན་མ་བརྗེད་པར་མུ་མཐུད་འབད་འཐབ་བྱེད་པ་དང་། བུད་མེད་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། བུད་མེད་ཁྲི་སྟོང་མང་པོའི་སྣེ་འཁྲིད་པ་བཅས་བྱས་ནས། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་བྱས་རྗེས་འཇོག་དགོས་ཞེས་འཁོད་ཡོད།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།