ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་འཇར་པན་དཔལ་འབྱོར་ལས་རིགས་ཀྱི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 1.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་དགུ་བའི་ཚེས་བཅུ་གཅིག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཏའོ་ཡུས་ཐེ་རྒྱལ་མགྲོན་ཁང་དུ་འཇར་པན་དཔལ་འབྱོར་ལས་རིགས་ཀྱི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་བཞུགས་མོལ་བརྗེ་རེས་བྱས། འཇར་པན་གྱི་ཁེ་ལས་གཙོ་བོའི་འགན་འཁུར་བ་ཉིས་བརྒྱ་ལྷག་བཞུགས་མོལ་ལ་ཞུགས།

ལིས་ཁི་ཆང་གིས་གསུངས་རྒྱུར། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་འོག ཀྲུང་གོ་དང་འཇར་པན་འབྲེལ་བ་དེ་ན་ནིང་ནས་བཟུང་ཡང་བསྐྱར་རྒྱུན་ལྡན་གྱི་བགྲོད་ལམ་དུ་ཞུགས་པ་དང་། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་བརྟན་འཇགས་སྒོས་འཕེལ་རྒྱས་སུ་སོང་ཞིང་འཇར་པན་གྱིས་ཀྲུང་གོར་མ་དངུལ་གཏོང་བའི་ཐད་ནས་གྲངས་ཀ་གཉིས་ཀྱི་འཕར་སྣོན་མངོན་འགྱུར་བྱས་པ་དང་ཕྱོགས་གཉིས་ཀྱི་མཉམ་ལས་ལ་མདུན་ལྗོངས་རྒྱ་ཆེན་པོ་ཡོད། ཀྲུང་གོ་དང་འཇར་པན་འབྲེལ་བ་དེ་དཀའ་ཁག་སྣ་ཚོགས་དང་འཕྲད་སྐབས། འཇར་པན་དཔལ་འབྱོར་ལས་རིགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བར་སྲུང་སྐྱོབ་བྱེད་པ་དང་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་ཐད་ལ་འབད་བརྩོན་བྱས་པ་དང་བྱས་རྗེས་བཞག དེང་སྐབས་འཛམ་གླིང་དཔལ་འབྱོར་བརྟན་འཇགས་དང་གཏན་འཁེལ་མིན་པའི་རྒྱུ་རྐྱེན་ཇེ་མང་དུ་འགྲོ་བ་དང་། རྣམ་པ་ཇེ་སྡུག་ཏུ་འགྲོ་བའི་གནོན་ཤུག་གསར་བའི་མདུན་དུ་ཀྲུང་གོ་དང་འཇར་པན་རྒྱལ་ཁབ་གཉིས་ཀ་འཛམ་གླིང་གི་དཔལ་འབྱོར་དངོས་ཕུང་གཙོ་བོ་ཡིན་པའི་ཆ་ནས། ཁ་གསབ་ཁྱད་སྟོབས་འདོན་སྤེལ་བྱས་པ་དང་ལག་རྡང་སྦྲེལ་ཏེ་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དེ་རྒྱལ་ཁབ་གཉིས་ལ་ཕན་པ་ཡོད་ཅིང་ས་གནས་དང་ཐ་ན་འཛམ་གླིང་གི་དཔལ་འབྱོར་ཁེ་ལས་བརྟན་འཇགས་སྒོས་བཟང་ཕྱོགས་སུ་འཕེལ་བར་ཕན་པ་ཡོད་པ་དང་། འཛམ་གླིང་གི་དར་རྒྱས་དང་བརྟན་འཇགས་ལའང་ཕན་པ་ཡོད་ཟེར།

འཇར་པན་ཕྱོགས་ཀྱི་འཐུས་མིས་བཤད་རྒྱུར། ན་ནིང་ནས་བཟུང་འཇར་པན་དང་ཀྲུང་གོའི་འབྲེལ་བ་རིམ་བཞིན་འཕེལ་རྒྱས་སུ་སོང་བ་དང་། ཕྱོགས་གཉིས་ཀྱི་མཐོ་རིམ་འགོ་ཁྲིད་པའི་བར་གྱི་འབྲེལ་འདྲིས་དང་འགྲོ་འོང་ཇེ་མང་དུ་སོང་བ་དེས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་བཏོན། འཇར་པན་དཔལ་འབྱོར་ལས་རིགས་ཀྱིས་རྦད་ཆོད་སྒོས་རང་མོས་ཉོ་ཚོང་ལ་རྒྱབ་སྐྱོར་བྱེད་པ་དང་།  ཀྲུང་གོས་ཉོ་ཚོང་དངུལ་གཏོང་རང་མོས་ཅན་དང་སྟབས་བདེ་ཅན། ཚོང་རར་ཞུགས་ཚད་རྒྱ་བསྐྱེད་པར་སྐུལ་འདེད་བཏང་ཞིང་། ཚོང་གཉེར་ཁོར་ཡུག་ལེགས་བཅོས་བྱེད་པར་ནུས་ཤུགས་གང་ཡོད་བཏོན་པར་གདེང་འཇོག་ཆེན་པོ་བྱེད་ཀྱིན་ཡོད་པར་མ་ཟད་ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།