ཀྲུང་གོ་བོད་ཀྱི་དྲ་བ།

བོད་རྒྱ་སྐད་བརྡ་རིག་པའི་ཞིབ་འཇུག་ཐབས་ལམ་སྐོར་གྱི་དབྱར་སྦྱོང་འཛིན་གྲྭ་སྐབས་བཞི་པ་ནན་ཁའེ་སློབ་ཆེན་དུ་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-09-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།(གསར་འགོད་པ། ཟླ་བཟང་རིན་ཆེན།)  ནན་ཁའེ་སློབ་ཆེན་གྱི་ལོ་བརྒྱའི་དུས་སྟོན་དང་བསྟུན་ནས། ཕྱི་ལོ2019ལོའི་ཟླ8པའི་ཚེས9ནས་ཚེས24བར། བོད་རྒྱ་སྐད་བརྡ་རིག་པའི་ཞིབ་འཇུག་ཐབས་ལམ་སྐོར་གྱི་དབྱར་སྦྱོང་འཛིན་གྲྭ་སྐབས་བཞི་པ་ནན་ཁའེ་སློབ་ཆེན་དུ་ཚོགས། དབྱར་སྦྱོང་འཛིན་གྲྭ་འདི་ནི་ནན་ཁའེ་སློབ་ཆེན་རྩོམ་རིག་སློབ་གླིང་གིས་གཙོ་སྒྲུབ་གནང་ཞིང་། ནན་ཁའེ་སློབ་ཆེན་བོད་རྒྱ་སྐད་རིགས་ཞིབ་འཇུག་ལྟེ་གནས་དང་། མཚོ་སྔོན་བོད་ཀྱི་ཡིག་རྙིང་ཞིབ་འཇུག་ཚོགས་པ། ཧྲང་ཧེ་དགེ་ཐོན་སློབ་ཆེན་གྱི་བོད་རིག་པ་ཞིབ་འཇུག་ལྟེ་གནས་བཅས་ཀྱིས་མཉམ་སྒྲུབ་གནང་། དབྱར་སྦྱོང་འཛིན་གྲྭའི་དབུ་འབྱེད་མཛད་སྒོར། རྒྱལ་ཁབ་སློབ་གསོ་པུའུ་ཡི་སྤྱི་ཚོགས་ཚན་རིག་ཚོགས་པའི་ཨུ་ཡོན། ནན་ཁའེ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཙེང་ཞིའོ་ཡུའུ་ལགས་དངོས་སུ་ཕེབས་ཤིང་། ནན་ཁའེ་སློབ་ཆེན་གྱི་རྩོམ་རིག་སློབ་གླིང་གི་གླིང་གཙོ། དགེ་རྒན་ཆེན་མོ་ལི་ཞི་ལོང་ལགས་ཀྱིས་དབུ་འབྱེད་མཛད་སྒོའི་གསུང་བཤད་གནང་། གཞན་དབྱར་སྦྱོང་འཛིན་གྲྭའི་དགེ་རྒན་གྱི་སྐུ་ཚབ་ཏུ་ཧྥ་རན་སིའི་རྒྱལ་ཁབ་ཚན་རིག་ཞིབ་འཇུག་ལྟེ་གནས་ཀྱི་ཡ་གླིང་ཤར་མའི་སྐད་རིགས་ཞིབ་འཇུག་ཁང་གི་དགེ་རྒན་ཆེན་མོ། ནན་ཁའེ་སློབ་ཆེན་གྱི་ཆེད་དམིགས་གདན་ཞུ་དགེ་རྒན་ཆིར་མཁའ་སྐྱབས(Katia Chirkova)ལགས་ཀྱིས་གསུང་བཤད་གནང་ཞིང་། ནན་ཁའེ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཡེ་ཤེས་འོད་གསལ་ཨ་ཚོགས་ལགས་ཀྱིས་དབུ་འབྱེད་མཛད་སྒོར་མདོ་འཛིན་གནང་།

2.jpg

བོད་རྒྱ་སྐད་བརྡ་རིག་པའི་ཞིབ་འཇུག་ཐབས་ལམ་སྐོར་གྱི་དབྱར་སྦྱོང་འཛིན་གྲྭ་ནི་ནན་ཁའེ་སློབ་ཆེན་རྩོམ་རིག་སློབ་གླིང་གི་འཛམ་གླིང་གོ་ལའི་ནན་ཁའེ་ཞེས་པའི་གནད་ཆེན་ལས་གཞིའི་གྲས་ཤིག་ཡིན། དབྱར་སྦྱོང་འཛིན་གྲྭས་རྒྱལ་ཁབ་ཕྱི་ནང་གི་བོད་རྒྱ་སྐད་རིགས་སྨྲ་བའི་མཁས་དབང་དག་དང་མཉམ་འབྲེལ་སྒོས། སྐད་བརྡ་རིག་པའི་གཞུང་ལུགས་དང་ཞིབ་འཇུག་གི་ཐབས་ལམ་ལ་ནང་བྱན་ཆུད་པའི་ཕ་སྐད་ཞིབ་འཇུག་པ་གསོ་སྐྱོང་བྱེད་པར་བརྩོན་བཞིན་ཡོད། ལོ་ངོ་བཞིའི་རིང་དུ། བོད་རྒྱ་སྐད་ཁོངས་ཀྱི་སྐད་རིགས་གང་ཞིག་སྨྲ་བའི་ན་གཞོན་ཞིབ་འཇུག་པ་གསོ་སྐྱོང་དང་། ནན་ཁའེ་སློབ་ཆེན་གྱི་སྐད་བརྡ་རིག་པའི་རིག་ཚན་འཛུགས་སྐྲུན་ཐད་ནུས་པ་ཆེན་པོ་ཐོན་ཡོད། ཐེངས་འདིའི་ཉིན་བཅོ་ལྔའི་རིང་གི་དབྱར་སྦྱོང་འཛིན་གྲྭར། ནུབ་གླིང་དང་རྒྱལ་ནང་གི་སྐད་བརྡ་རིག་པའི་མཁས་དབང་སྐོར་ཞིག་དང་། ཉེར་འཇིགས་སྐད་རིགས་ཀྱི་ཕ་སྐད་དགེ་རྒན་རེ་ཟུང་ཆེད་དུ་གདན་འདྲེན་ཞུས་ཡོད་དེ། ཁོང་ཅག་ནི་ཧྥ་རན་སིའི་རྒྱལ་ཁབ་ཚན་རིག་ཞིབ་འཇུག་ལྟེ་གནས་ཀྱི་ཡ་གླིང་ཤར་མའི་སྐད་རིགས་ཞིབ་འཇུག་ཁང་གི་དགེ་རྒན་ཆེན་མོ། ནན་ཁའེ་སློབ་ཆེན་གྱི་ཆེད་དམིགས་གདན་ཞུ་དགེ་རྒན་ཆིར་མཁའ་སྐྱབས(Katia Chirkova)ལགས་དང་། ཧྥ་རན་སིའི་རྒྱལ་ཁབ་ཚན་རིག་ཁང་གི་ངག་བརྒྱུད་སྐད་ཆ་དང་རིག་གནས་ཞིབ་འཇུག་ཁང་གི་དབུ་ཁྲིད། དགེ་རྒན་ཆེན་མོ་ཨ་ལེགས་དམུ་ཁོ(Alexis Michaud)ལགས། ཐེན་ཅིན་སློབ་ཆེན་གྱི་རྩོམ་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་ཧྲི་བྱིས་སྐྱོང་ལགས། ཞི་ཁྲང་སློབ་གླིང་གི་དགེ་རྒན་ཆེན་མོ་ཝང་སྟག་དབང་ལགས། ནན་ཁའེ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཡེ་ཤེས་འོད་གསལ་ཨ་ཚོགས་ལགས། ཀྲུང་ཧྲན་སློབ་ཆེན་གྱི་རྒྱ་ཡིག་ཚན་ཁག་གི་དགེ་རྒན་ཆེན་མོ་གཞོན་པ་ཉི་མ་ཚེ་རིང་ལགས་བཅས་ཡིན་ལ། གཞན་ཨ་རིའི་ཨོ་ལེ་ཀང་སློབ་ཆེན་གྱི་སྐད་བརྡ་རིག་པའི་འབུམ་རམས་པ་ཀུན་གཞོན་དང་། ཡུན་ནན་མི་རིགས་སློབ་ཆེན་གྱི་ལས་རོགས་ཞིབ་འཇུག་པ་ཧོར་ཀླུ་ཁོང་། སུའུ་ཙེར་བྷོའར་ཉི་སློབ་ཆེན་གྱི་སྐད་བརྡ་རིག་པའི་འབུམ་རམས་པ་ལིན་ལིང་། ནན་ཁའེ་སློབ་ཆེན་གྱི་སྐད་བརྡ་རིག་པའི་འབུམ་རམས་པ་བསོད་ནམས་རྒྱལ་དང་ཟླ་བཟང་རིན་ཆེན། ཡན་ཀྲོའོ། སྐལ་བཟང་ཚེ་རིང་བཅས་ཀྱིས་སློབ་ཞོར་མཛུབ་སྟོན་པའི་འགན་བཞེས།

4.jpg

     སློབ་ཆེན་ཁག་སོ་སོས་འོས་སྦྱོར་དང་ཆེད་མཁས་པས་དཔྱད་འདེམས་གནང་བ་བརྒྱུད། ཀྲུང་དབྱང་མི་རིགས་སློབ་ཆེན་དང་བོད་ལྗོངས་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན། མཚོ་སྔོན་དགེ་ཐོན་སློབ་ཆེན། ནུབ་བྱང་མི་རིགས་སློབ་ཆེན། ལྷོ་ནུབ་མི་རིགས་སློབ་ཆེན། ཡུན་ནན་མི་རིགས་སློབ་ཆེན། ཀོང་ཞི་མི་རིགས་སློབ་ཆེན། ཧྲང་ཧེ་དགེ་ཐོན་སློབ་ཆེན། སི་ཁྲོན་དགེ་ཐོན་སློབ་ཆེན། ཐེན་ཅིན་ཕྱི་སྐད་སློབ་ཆེན། སི་ཁྲོན་མི་རིགས་སློབ་གླིང་བཅས་སློབ་ཆེན་ཁག་ནས་ཕེབས་པའི་སློབ་མ་དང་། ཡུལ་ཕྱོགས་སོ་སོའི་ལས་གནས་ཞིབ་འཇུག་པ་འགའ་བཅས་སློབ་མ39ཐེངས་འདིའི་དབྱར་སྦྱོང་འཛིན་གྲྭར་ཞུགས། དེ་ལས་སློབ་མ་སྐོར་ཞིག་གི་ཕ་སྐད་ནི་སྐད་རིགས་དམིགས་བསལ་བའི་ཁོངས་སུ་གཏོགས་ཏེ། དཔེར་ན་མོ་སུའོ་སྐད་དང་། རྟའུའི་ཧོར་སྐད། ཁམས་ཀྱི་མི་ཉག་སྐད། ལྷ་སྒང་ཆོས་ཡུལ་སྐད་བཅས་ལྟ་བུའོ།། གཞན་ཡང་ནན་ཁའེ་སློབ་ཆེན་གྱི་འབྲེལ་ཡོད་ཆེད་ལས་ཁག་ནས་ཀྱང་དགེ་སློབ10ལྷག་འཛིན་གྲྭ་འདིར་ཟབ་ཞུགས་གནང་ཡོད།

3.jpg

བོད་རྒྱ་སྐད་བརྡ་རིག་པའི་ཞིབ་འཇུག་ཐབས་ལམ་སྐོར་གྱི་དབྱར་སྦྱོང་འཛིན་གྲྭ་ནི་ལོ་ལོ་རིམ་གཉིས་ཅན་གྱི་གསབ་སྦྱོང་འཛིན་གྲྭ་ཞིག་ཡིན་ཏེ། ལོ་རིམ་དང་པོར་བརྡ་སྤྲོད་བརྟག་དཔྱད་དང་དབྱེ་ཞིབ་ཀྱི་ནུས་རྩལ་སྦྱོང་བརྡར་གཙོ་བོར་འཛིན་པ་དང་། ལོ་རིམ་གཉིས་པར་སྐད་སྒྲ་བརྟག་དཔྱད་དང་སྒྲ་རྒྱུད་དབྱེ་ཞིབ་ཀྱི་ནུས་རྩལ་གཙོ་བོར་འཛིན་པ་ཡིན། ཐེངས་འདི་ནི་ལོ་རིམ་གཉིས་པ་སྟེ། སྐད་སྒྲ་བརྟག་དཔྱད་དང་སྒྲ་རྒྱུད་དབྱེ་ཞིབ་ཀྱི་ནུས་རྩལ་གཙོ་བོར་འཛིན་པའི་འཛིན་གྲྭ་ཡིན་པས། ཁྲིད་བྱའི་བསླབ་ཚན་དུ་རྒྱལ་སྤྱིའི་སྒྲ་རྟགས་དང་སྐད་སྒྲ་རིག་པའི་རྨང་གཞི། ཚོད་ལྟའི་སྐད་སྒྲ་རིག་པ། སྒྲ་རྒྱུད་རིག་པའི་རྨང་གཞི། ཡུལ་དངོས་བརྟག་དཔྱད་ཀྱི་སྦྱོང་བརྡར། སྒྲ་བརྟག་མཉེན་ཆས་ཀྱི་ཉེར་སྤྱོད། བོད་རྒྱ་སྐད་རིགས་ཞིབ་འཇུག་གི་ཆེད་དོན་སློབ་ཁྲིད་བཅས་བཀོད་སྒྲིག་བྱས་ཡོད། དེ་ལས་ཡུལ་དངོས་བརྟག་དཔྱད་ཀྱི་སྦྱོང་བརྡར་དང་སྒྲ་རྒྱུད་རིག་པའི་རྨང་གཞི་གཉིས་ནི་དབྱར་སྦྱོང་འཛིན་གྲྭའི་སློབ་ཁྲིད་གཙོ་ཤོས་གཉིས་ཡིན་ལ། དང་པོ་དགེ་རྒན་ཆེན་མོ་ཆིར་མཁའ་སྐྱབས(Katia Chirkova)ལགས་དང་ཝང་སྟག་དབང་རྣམ་གཉིས་ཀྱིས་མདོ་ཤོད་ཨེར་སུག་བོད་སྐད་ཀྱི་ཡུལ་དངོས་བརྟག་དཔྱད་དང་སྦྲགས་ནས་ཁྲིད་ཅིང་། གཉིས་པར་དགེ་རྒན་ཆེན་མོ་ཨ་ལེགས་དམུ་ཁོ (Alexis Michaud)ལགས་ཀྱིས་ཁྲིད་པ་རེད། དེ་མིན་སློབ་ཁྲིད་ཀྱི་ཞོར་དུ་སློབ་མའི་ནང་ཁུལ་བགྲོ་གླེང་ཡང་ཐེངས་གསུམ་ཙམ་སྤེལ་ཐུབ་པ་བྱུང་། གཞན་ཡང་ཐེངས་འདིའི་དབྱར་སྦྱོང་འཛིན་གྲྭའི་སློབ་མ་རྣམས་ཀྲུང་གོའི་ལྷོ་ནུབ་ས་ཁུལ་གྱི་བོད་རྒྱ་སྐད་རིགས་ཞིབ་འཇུག་སྐོར་གྱི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ(STLS-2019)སྐབས་ལྔ་པར་ཟུར་ཞུགས་གནང་། STLSཚོགས་འདུ་ནི་བོད་རྒྱ་སྐད་ཁོངས་ཀྱི་སྐད་རིགས་ཞིབ་འཇུག་གི་ཁྱབ་ཁོངས་སུ་ཤུགས་རྐྱེན་ཆེས་ཆེ་བའི་རིག་གཞུང་བགྲོ་གླེང་ཚོགས་འདུ་ཞིག་ཡིན་ལ། ཐེངས་འདིའིSTLS-2019ཚོགས་འདུར་འཛམ་གླིང་ཤར་ནུབ་ཀྱི་ཡུལ་ཕྱོགས་མང་པོ་ནས་ཕེབས་པའི་ཆེད་མཁས་པ་དང་ཞིབ་འཇུག་པ་རྣམས་ཀྱིས་དཔྱད་རྩོམ་ལེགས་ཤོས34སྒྲོག་སྦྱངས་གནང་ཞིང་། ཆེད་ཞུའི་རིག་གཞུང་འཆད་ཁྲིད་ཐེངས་ལྔ་སྤེལ།

  དེ་ནས་ཚེས26ཉིན་གྱི་སྔ་དྲོར། ཐེངས་འདིའི་དབྱར་སྦྱོང་འཛིན་གྲྭ་དངོས་སུ་མཇུག་བསྡུས། བོད་རྒྱའི་སྐད་བརྡ་རིག་པའི་མཁས་དབང་། ཨ་རིའི་ཨོ་ལེ་ཀང་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཊིས་ལན་སེའུ(Scott DeLancey)ལགས་དང་། ཀྲུང་གོའི་ཐའེ་ཝན་གྱི་ཀྲུང་དབྱང་ཞིབ་འཇུག་ལས་ཁུངས་ཀྱི་ཡོའན་ཧྲི། དགེ་རྒན་ཆེན་མོ་སུན་ཐིའན་ཞིན་རྣམ་གཉིས་ཚོགས་གྲོལ་མཛད་སྒོར་ཞུགས་ནས་གསུང་བཤད་གལ་ཆེན་གནང་ཞིང་། ཧྥ་རན་སིའི་རྒྱལ་ཁབ་ཚན་རིག་ཁང་གི་ངག་བརྒྱུད་སྐད་ཆ་དང་རིག་གནས་ཞིབ་འཇུག་ཁང་གི་དབུ་ཁྲིད། དགེ་རྒན་ཆེན་མོ་ཨ་ལེགས་དམུ་ཁོ(Alexis Michaud)ལགས་ཀྱིས་དབྱར་སྦྱོང་འཛིན་གྲྭའི་དགེ་རྒན་རྣམས་ཀྱི་སྐུ་ཚབ་ཏུ་གསུང་བཤད་གནང་། ནན་ཁའེ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཡེ་ཤེས་འོད་གསལ་ཨ་ཚོགས་ལགས་ཀྱིས་ཚོགས་གྲོལ་མཛད་སྒོའི་མདོ་འཛིན་པར་བྱས།།  

དེ་ཡང་2016ལོའི་ཟླ6པར། ནན་ཁའེ་སློབ་ཆེན་དང་ཨ་རིའི་ཧྲི་མའེ་སིན་ཉི་རིག་གཞུང་ལྷན་ཚོགས་ཀྱི་དམངས་སྲོལ་དང་ཤུལ་བཞག་རིག་གནས་ལྟེ་གནས(Smithsonian Center for Folklife and Cultural Heritage)གཉིས་ནས་དུས་ཡུན་ལོ་ལྔའི་རིང་གི་སློབ་གསོ་དང་རིག་གཞུང་མཉམ་ལས་ཀྱི་དྲན་ཐོ(Memorandum of Understanding for Educational and Academic Collaboration)ལ་མིང་རྟགས་བཀོད་དེ། 2016ལོར་བོད་ཀྱི་སྐད་ཡིག་སྐོར་གྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་དང་བོད་རྒྱ་སྐད་བརྡ་རིག་པའི་དབྱར་སྦྱོང་འཛིན་གྲྭ་སྐབས་དང་པོ་གཉིས་ནན་ཁའེ་སློབ་ཆེན་དུ་བདེ་བླག་ངང་ཚོགས།  དེ་ནི་རྒྱལ་ནང་གི་བོད་ཀྱི་སྐད་ཡིག་རིག་གཞུང་བགྲོ་གླེང་ཚོགས་འདུ་དང་བོད་རྒྱ་སྐད་བརྡ་རིག་པའི་དབྱར་སྦྱོང་འཛིན་གྲྭ་ཐོག་མ་ཡིན་པའི་ཆ་ནས། རིག་གཞུང་ཞིབ་འཇུག་པའི་སྡེ་དང་དམངས་ཁྲོད་ནས་གདེང་འཇོག་ཆེན་པོ་ཐོབ་ཡོད། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ཀྲུང་གོའི་བོད་ལྗོངས་དྲ་བ་སོགས་རྒྱལ་ནང་གི་སྨྱན་བྱེད་གལ་ཆེན་དག་གིས་འབྲེལ་ཡོད་གསར་འགྱུར་སྒྲོག་སྤེལ་གནང་པ་དང་། SSCIརུ་གཏོགས་པའི་སྐད་བརྡ་རིག་པའི་དུས་དེབ་གྲགས་ཅན། ཨ་རིའིJournal of Chinese Linguistics(ཀྲུང་གོའི་སྐད་བརྡ་རིག་པའི་རིག་གཞུང་དུས་དེབ)བཅས་ཀྱིས་ཀྱང་བགྲོ་གླེང་ཚོགས་འདུའི་གྲུབ་འབྲས་དང་དཔྱད་བརྗོད་དབྱིན་ཡིག་གི་ལམ་ནས་སྤེལ་གནང་། གཞན་སྐབས་སོ་སོའི་སློབ་མ་དག་ནས་ཀྱང་བོད་རྒྱ་སྐད་བརྡ་རིག་པའི་དབྱར་སྦྱོང་འཛིན་གྲྭའི་སློབ་སྦྱོང་གི་གྲུབ་འབྲས་ཐད་དུ་གདེང་འཇོག་ཆེན་པོ་ཐོབ་ཡོད། ཡིན་ནའང་ཐེངས་འདིར་ཨ་རིའི་ཧྲི་མའེ་སིན་ཉི་རིག་གཞུང་ལྷན་ཚོགས་གནས་སྐབས་སུ་དབྱར་སྦྱོང་འཛིན་གྲྭར་མ་ཞུགས་ལ། ནན་ཁའེ་སློབ་ཆེན་རྩོམ་རིག་སློབ་གླིང་གི་འབྲེལ་ཡོད་རྩ་འཛུགས་ཀྱིས་འབྲེལ་ཡོད་ལས་གཞི་དག་འགྲུབ་པར་བྱས་ཡོད་དོ།།

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།