ཀྲུང་གོ་བོད་ཀྱི་དྲ་བ།

ཤང་ཀང་གི་གཏུམ་སྤྱོད་དང་ཁྲིམས་འགལ་བྱ་སྤྱོད་ལ་མྱུར་དུ་ཁྲིམས་བསྟར་བྱ་རྒྱུ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2019-09-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9ཚེས1ཉིན། གཏུམ་སྤྱོད་པས་ཚེས1ཉིན་ཤང་ཀང་རྒྱལ་སྤྱིའི་གནམ་ཐང་དང་ས་འོག་ལྕགས་ལམ་གཏོར་བརླག་བཟོས་པའི་བྱ་སྤྱོད་ཐད་ལ། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་མགྲིན་ཚབ་པས་ཉིན་དེར་བསྟན་དོན། གཏུམ་སྤྱོད་པའི་གཏོར་བརླག་དང་ཁྲིམས་འགལ་གྱི་བྱ་སྤྱོད་ལ་སྐྱོན་བརྗོད་དྲག་པོ་བྱས་པ་དང་། ཉེན་རྟོག་པས་དྲག་ཤུགས་དང་ཁྲིམས་འགལ་གྱི་བྱ་སྤྱོད་ལ་མྱུར་དུ་ཁྲིམས་བསྟར་བྱས་ནས། རྒྱ་ཆེའི་གྲོང་མིའི་བདེ་འཇགས་དང་ཁེ་དབང་འགན་སྲུང་བྱ་རྒྱུ་ཡིན་ཞེས་བཤད།

མགྲིན་ཚབ་པས་བསྟན་དོན། ཁྲིམས་ཁང་གིས་སྔ་མོ་ནས་བཀག་སྡོམ་བཀའ་བཏང་བའི་ཆོག་མཆན་སྤྲད་ནས། སུ་ཞིག་གིས་ཀྱང་གནམ་ཐང་དང་ས་འོག་ལྕགས་ལམ་གྱི་ལས་གཉེར་ལ་བར་ཆད་བཟོ་མི་ཆོག་པ་བྱས་ཡོད། ཡིན་ནའང་། ཚེས་1ཉིན་གཏུམ་སྤྱོད་པ་མང་པོས་སྒྲིག་ཁྲིམས་ཀྱི་འདུ་ཤེས་མེད་པར་རྐང་བཙུགས་ནས་གནམ་ཐང་གི་ལས་གཉེར་ལ་བགེགས་རྐྱེན་བཟོས་པ་མ་ཟད། ད་དུང་ཉེ་འགྲམ་གྱི་ལམ་བཀག་ཅིང་མེ་བཏང་ནས། གནམ་ཐང་གི་འགྲིམ་འགྲུལ་ལ་བཀག་རྒྱ་ཚབས་ཆེན་བཟོས་པས། སྐུ་མགྲོན་མང་པོའི་བགྲོད་ལམ་ལ་ཤུགས་རྐྱེན་བཟོས་ཤིང་། ཤང་ཀང་གི་དཔལ་འབྱོར་ལ་གནོད་འཚེ་ཆེན་པོ་བཟོས། མགྲིན་ཚབ་པས། གཏུམ་སྤྱོད་པ་ལ་ལས་དངོས་པོ་འདྲ་མིན་ས་འོག་ལྕགས་ལམ་གྱི་འཁོར་ལམ་དུ་འཕངས་ནས། ས་འོག་ལྕགས་ལམ་གྱི་བདེ་འཇགས་ལ་ཉེན་ཁ་བཟོས། གཏུམ་སྤྱོད་པ་ཁ་ཤས་ཀྱིས་གང་འདོད་ངང་ཤང་ཀང་ལྕགས་ལམ་ས་ཚིགས་ལ་གཏོར་བརླག་བཟོས་པ་དང་། དེའི་ཁྲོད་དུ་ཏུང་ཡོང་ས་ཚིགས་ལ་གཏོར་བརླག་ཚབས་ཆེན་བཟོས་རྐྱེན་ཤང་ཀང་གི་ལྕགས་ལམ་གྱི་ལམ་ཐིག་མང་པོས་གནས་སྐབས་རིང་ཞབས་ཞུ་མཚམས་བཞག་ཡོད། རྔམ་སྟོན་བྱེད་པའི་རིང་། ལ་ལས་གྲོང་མིར་རྡུང་བ་མ་ཟད་ཏུང་ཡོང་ཆུ་རྐྱལ་ཁང་གི་རྒྱལ་དར་ཕབ་པ་དང་མེར་བསྲེགས་ནས། རྒྱལ་ཁབ་ཀྱི་དབང་གྲགས་ལ་འགྲན་བསླངས་ཤིང་། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ཚད་གཞི་ལ་རྡུང་རྡེག་བཏང་ཡོད།

དམིགས་བསལ་ཁུལ་གྱི་སྲིད་གཞུང་གིས། གཏུམ་སྤྱོད་པའི་གཏོར་བརླག་དང་ཁྲིམས་འགལ་གྱི་བྱ་སྤྱོད་ལ་སྐྱོན་བརྗོད་དྲག་པོ་གཏོང་རྒྱུ་ཡིན་པར་བརྗོད། གཏུམ་སྤྱོད་པས་སྐུ་མགྲོན་དང་གྲོང་མིའི་དགོས་མཁོ་སྣང་མེད་དུ་བཞག་ཅིང་། ལྟ་བ་མི་འདྲ་བ་འཛིན་མཁན་ནམ་ཉེས་མེད་མི་སྣ། དེ་བཞིན་དུ་སྒྲིག་གཞི་ལ་ངན་སེམས་བཅངས་ནས་འཁོན་ལན་བསློགས། ཁོ་ཚོའི་ཀླ་ཀློའི་བྱ་སྤྱོད་ཀྱིས་མི་རྣམས་ཁྲོ་རུ་བཅུག་ཡོད། ཉེན་རྟོག་པས་དྲག་ཤུགས་དང་ཁྲིམས་འགལ་གྱི་བྱ་སྤྱོད་ལ་མྱུར་དུ་ཁྲིམས་བསྟར་བྱས་ནས་རྒྱ་ཆེའི་གྲོང་མིའི་བདེ་འཇགས་དང་ཁེ་དབང་འགན་སྲུང་བྱ་རྒྱུ་སེམས་ཐག་བཅད་ཡོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།