ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཀན་སུའུ་རུ་རྟོག་ཞིབ་མཛད་སྐབས་ཡིད་ཆེས་བརྟན་པོ་དང་། གསར་སྤེལ་གསར་གཏོད། དངོས་འཛིན་བདེན་སྒྲུབ། མཐུན་སྒྲིལ་གཅིག་གྱུར་བཅས་ཀྱི་སྒོ་ནས་མི་དམངས་ཕྱུག་པོ་དང་ཀན་སུའུ་དར་རྒྱས་ཀྱི་རྣམ་པ་གསར་བ་བསྐྲུན་དགོས་ཞེས་ནན་གྱིས་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༡.jpg

ཟླ8པའི་ཚེས19ཉིན་ནས22ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀན་སུའུ་རུ་རྟོག་ཞིབ་མཛད། འདི་ནི་ཚེས་བཅུ་དགུ་ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཏུན་ཧོང་མོ་ཀའོ་བྲག་ཕུག་ཏུ་རྟོག་དཔྱོད་ཞིབ་འཇུག་གནང་སྐབས། ཡུལ་སྐོར་པ་རྣམས་ལ་བརྩེ་བའི་ཕྱག་བརྡ་གནང་བའི་ཚུལ་རེད།

༢.jpg

འདི་ནི་ཚེས་བཅུ་དགུ་ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཏུན་ཧོང་ཞིབ་འཇུག་ཁང་ནས་ཉར་ཚགས་བྱས་པའི་རིག་དངོས་དང་རིག་གཞུང་གྲུབ་འབྲས་འགྲེམ་སྟོན་ལ་གཟིགས་པའི་ཚུལ་རེད།

༣.jpg

འདི་ནི་ཚེས་བཅུ་དགུ་ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཏུན་ཧོང་ཞིབ་འཇུག་ཁང་ནས་འབྲེལ་ཡོད་ཆེད་མཁས་པ་དང་རིག་གནས་ལས་ཁུངས་ཀྱི་འཐུས་ཚབ་པར་བཞུགས་མོལ་མཛད་པར་མ་ཟད་གསུང་བཤད་གལ་ཆེན་གནང་བའི་ཚུལ་རེད།

༤.jpg

འདི་ནི་ཞི་ཅིན་ཕིང་ཀྲང་ཡེ་གྲོང་ཁྱེར་ཀའོ་ཐའེ་རྫོང་དུ་ཕེབས་ནས། ཀྲུང་གོའི་བཟོ་ཞིང་དམར་དམག་ནུབ་ལམ་དམག་གི་རྗེས་དྲན་རྡོ་རིང་ལ་མཇལ་ཏེ། གསར་བརྗེ་སྔོན་གཤེགས་དཔའ་བོར་མེ་ཏོག་ཚོམ་བུ་འབུལ་བའི་ཚུལ་རེད།

༥.jpg

ཚེས་ཉི་ཤུ་ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཀྲུང་གོ་ཞིང་ལས་འཕེལ་རྒྱས་སྡེ་ཚོགས་ཧྲན་ཏན་རྟ་ར་ཚད་ཡོད་འགན་ལེན་མཐུན་གཉེར་ཁང་དུ་རྟོག་ཞིབ་མཛད་ནས། མདོ་ལ་རི་བོའི་སྐྱེ་ཁམས་ཁོར་ཡུག་སླར་གསོ་དང་སྲུང་སྐྱོབ་གནས་ཚུལ་ལ་ཡུལ་དངོས་ནས་རྒྱུས་ལོན་མཛད་བཞིན་པ།

༦.jpg

ཚེས་ཉེར་གཅིག་ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཝུའུ་ཝེ་གྲོང་ཁྱེར་ཀུའུ་ལང་རྫོང་ཧོང་ཧྭ་ཐང་སྐྱེ་ཁམས་ཡུལ་སྤོར་ཁུལ་དམངས་ཕྱུག་སྡེ་གསར་དུ་སྡེ་མི་དང་བརྩེ་བའི་གསུང་གླེང་མཛད་བཞིན་པ།

༧.jpg

ཚེས་ཉེར་གཅིག་ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ལན་ཀྲིག་གྲོང་ཁྱེར་རྨ་ཆུ་བཅོས་སྐྱོང་གི་ལས་གཞི་སྤེལ་ཡུལ་དུ། རྨ་ཆུ་འགྲམ་གཉིས་ཀྱི་སྐྱེ་ཁམས་སླར་གསོ་དང་ཡུལ་ལྗོངས་འཛུགས་སྐྲུན་གནས་ཚུལ་ལ་གཟིགས་བཞིན་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་སྔོན་ཀན་སུའུ་རུ་རྟོག་ཞིབ་མཛད་སྐབས། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་མཐའ་འཁྱོལ་བྱེད་པ་དང་། བརྟན་འཇགས་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱས་ཤིང་། འཕེལ་རྒྱས་གསར་བའི་འདུ་ཤེས་ལག་བསྟར་བྱས་ཏེ། ཡིད་ཆེས་བརྟན་པོ་དང་གསར་སྤེལ་གསར་གཏོད། དངོས་འཛིན་བདེན་སྒྲུབ། མཐུན་སྒྲིལ་གཅིག་གྱུར་བཅས་ཀྱི་སྒོ་ནས། འཕར་སྣོན་བརྟན་བརླིང་དུ་གཏོང་བ་དང་བཅོས་སྒྱུར་ལ་ཡར་སྐུལ་བྱེད་པ། སྒྲིག་གཞི་ལེགས་སྒྲིག་བྱེད་པ། དམངས་ཚིས་ལ་ཕན་འདོགས་པ། ཉེན་ཁ་འགོག་པ། གཏན་འཇགས་སྲུང་འཛིན་བྱེད་པ་བཅས་ཀྱི་བྱ་བ་སྣ་ཚོགས་ཕྱོགས་ཡོངས་ནས་བཟང་བོར་སྒྲུབ་པ་དང་། དབུལ་ཐར་མཁྲེགས་གཏོར་ཟབ་སྤེལ་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་པ། དམངས་ཚིས་ལ་འགན་སྲུང་དང་ལེགས་བཅོས་བཅས་བྱས་ཏེ། བདེ་སྐྱིད་མཛེས་སྡུག་གི་ཀན་སུའུ་གསར་པ་མྱུར་དུ་འཛུགས་སྐྲུན་བྱེད་པ་དང་། མི་དམངས་ཕྱུག་པོ་དང་ཀན་སུའུ་དར་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བསྐྲུན་པའི་དུས་རབས་ཀྱི་ལོ་རྒྱུས་གསར་པ་འབྲི་དགོས་ཞེས་ནན་གྱིས་བསྟན།

ཚེས་བཅུ་དགུ་ཉིན་ནས་ཉེར་གཉིས་ཉིན་བར། ཞི་ཅིན་ཕིང་ཀན་སུའུ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལིན་ཏོ་དང་ཧྲིན་ཀྲང་ཐང་རིན་ཅན་གཉིས་ཀྱི་འགྲོ་རོགས་འོག སྔ་གཞུག་ཏུ་ཅིག་ཆོན་དང་ཅ་ཡུས་ཀོན་འགག་སྒོ། ཀྲང་ཡེ། ཝུའུ་ཝེ། ལན་ཀྲིག་སོགས་ཀྱི་རིག་དངོས་སྲུང་སྐྱོབ་ལས་ཁུངས་དང་། ཞིང་སྡེ། སློབ་གྲྭ། རྩྭ་ར་དང་ནགས་ར། གསར་བརྗེའི་རྗེས་དྲན་ཁང་། ཆུ་ལོག་འགོག་པའི་བཟོ་སྐྲུན་སྤེལ་ཡུལ། རིག་གནས་ཁེ་ལས་སོགས་སུ་ཕེབས་ནས། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་གནས་ཚུལ་ལ་རྟོག་དཔྱོད་ཞིབ་འཇུག་མཛད།

ཚེས་བཅུ་དགུ་ཉིན་གྱི་སྔ་དྲོར་ཞི་ཅིན་ཕིང་པེ་ཅིན་ནས་གནམ་གྲུར་བཞུགས་ཏེ་ཅིག་ཆོན་གྲོང་ཁྱེར་གྱི་ཁོངས་སུ་ཡོད་པའི་ཏུན་ཧོང་གྲོང་ཁྱེར་དུ་ཐོན་མ་ཐག མོ་ཀའོ་བྲག་ཕུག་ཏུ་ཕེབས་ནས། མོ་ཀའོ་བྲག་ཕུག་ལོ་ལོ་རྒྱུས་དང་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་གི་གནས་ཚུལ་རྒྱུས་ལོན་མཛད་པར་མ་ཟད། བྲག་ཕུག་ནང་གི་ལོ་རྒྱུས་རིང་བའི་ཚོན་རིས་དང་ལྡེབས་རིས་ལ་གཟིགས། ཁོང་གིས་མེས་པོ་རྣམས་ཀྱིས་ང་ཚོར་བཞག་པའི་རིག་གནས་ཤུལ་བཞག་རྩ་ཆེན་འདི་ལ་གཅེས་སྤྲས་ལེགས་པོ་བྱེད་པ་དང་། སྲུང་སྐྱོབ་དམིགས་བསལ་དུ་འཛིན་པའི་འདུ་ཤེས་རྒྱུན་འཁྱོངས་ཀྱིས་བྲག་ཕུག་གི་བཟོ་བཀོད་དང་ཚོན་རིས། ལྡེབས་རིས་བཅས་ཀྱི་སྲུང་སྐྱོབ་ལ་ཤུགས་སྣོན་པ་དང་། སྔོན་ཐོན་གྱི་ཚན་རིག་ལག་རྩལ་བཀོལ་ནས་སྲུང་སྐྱོབ་ཆུ་ཚད་མཐོར་འདེགས་སུ་བཏང་སྟེ། འཛམ་གླིང་གི་རིག་གནས་ཤུལ་བཞག་འདི་ཉིད་མི་རབས་ནས་མི་རབས་སུ་རྒྱུན་འཛིན་བྱེད་དགོས་ཞེས་ནན་གྱིས་བསྟན།

དེའི་རྗེས་སུ་ཞི་ཅིན་ཕིང་ཏུན་ཧོང་ཞིབ་འཇུག་ཁང་དུ་ཕེབས་ནས། ཉར་ཚགས་བྱས་པའི་རིག་དངོས་དང་རིག་གཞུང་གྲུབ་འབྲས་འགྲེམ་སྟོན་ལ་གཟིགས་པ་དང་། རིག་དངོས་སྲུང་སྐྱོབ་དང་ཞིབ་འཇུག ཕུལ་བྱུང་ལོ་རྒྱུས་རིག་གནས་དར་སྤེལ་བཅས་ཀྱི་གནས་ཚུལ་མཚམས་སྦྱོར་བྱས་པར་གསན་པར་མ་ཟད། ཆེད་མཁས་པ་དང་རིག་གནས་ལས་ཁུངས་ཀྱི་འཐུས་མི་དང་བཞུགས་མོལ་མཛད། ཁོང་གིས་ནན་གྱིས་བསྟན་དོན། ཏུན་ཧོང་རིག་གནས་ནི་ཀྲུང་ཧྭའི་རིག་གནས་དང་རིག་གནས་གཞན་པའི་བར་དུ་ཡུན་རིང་སྤེལ་རེས་མཉམ་འདྲེས་བྱས་པའི་འབྲས་བུ་ཡིན། ང་ཚོས་ཀྲུང་ཧྭའི་རིག་གནས་འོད་སྟོང་གསར་བ་འཕྲོ་བར་བྱ་དགོས་ན། སེམས་རྒྱ་སྔར་ལས་ཆེན་པོ་དང་རྒྱ་སྔར་ལས་ཆེན་པོས་རྒྱལ་ཁབ་སོ་སོའི་བར་དུ་རིག་གནས་སྤེལ་རེས་བྱས་ཏེ། སྔར་ལས་ཧུར་ཐག་དང་རང་འགུལ་གྱིས་འཛམ་གླིང་གི་ཕུལ་བྱུང་རིག་གནས་ཀྱི་གྲུབ་འབྲས་མཐའ་དག་ལ་སློབ་སྦྱོང་དཔེ་ལྟ་བྱེད་དགོས། ཏུན་ཧོང་རིག་གནས་ལ་ཞིབ་འཇུག་དང་དེ་དར་སྤེལ་བྱེད་དགོས་ན། ཏུན་ཧོང་རིག་གནས་དང་ལོ་རྒྱུས་ཤུལ་བཞག་ཁྲོད་དུ་འདུ་བའི་མཚན་ཉིད་རིག་པའི་དགོངས་པ་དང་མི་ཆོས་ལྟ་ཚུལ། རིན་ཐང་འདུ་ཤེས། ཀུན་སྤྱོད་ཚད་གཞི་སོགས་སྔོག་འདོན་ཟབ་མོ་བྱེད་དགོས་ལ། དེའི་ཁྲོད་དུ་ཡོད་པའི་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་སྙིང་སྟོབས་དང་རིག་གནས་བསམ་རྒྱ་ལ་དེ་ལས་ཀྱང་འགྲེལ་བཤད་བྱས་ཏེ། རིག་གནས་རང་རྟོན་རྒྱུན་ཆད་མེད་པར་ཇེ་བརྟན་དུ་གཏོང་དགོས། རྒྱལ་ཁབ་ཀྱི་རིག་གནས་ཉིང་བཅུད་འཛིན་སྤེལ་དང་གཟུགས་འདས་རིག་གནས་ཤུལ་བཞག་གི་སྲུང་སྐྱོབ་ལ་རྒྱབ་སྐྱོར་བྱེད་པར་ཤུགས་སྣོན་པ་དང་། གྲངས་ཉུང་མི་རིགས་ཀྱི་ལོ་རྒྱུས་རིག་གནས་ལ་ཞིབ་འཇུག་བྱེད་པར་ཤུགས་བསྣན་ནས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་དགོས་ཟེར།

ཚེས་ཉི་ཤུ་ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་ཅ་ཡུས་ཀོན་འགག་སྒོར་ཕེབས་ནས། འགག་མཁར་ལ་གཟིགས་ཞིབ་མཛད་པར་མ་ཟད་ལྕགས་རི་རིང་པོའི་སྲུང་སྐྱོབ་ཀྱི་གནས་ཚུལ་མཚམས་སྦྱོར་བྱས་པར་གསན། ཅ་ཡུས་ཀོན་འགག་སྒོ་ནི་རྒྱལ་ཡོངས་ཀྱི་རིག་དངོས་སྲུང་སྐྱོབ་བྱེད་ཡུལ་གཙོ་བོ་དང་འཛམ་གླིང་གི་རིག་གནས་ཤུལ་བཞག་ཡིན་ལ། རང་རྒྱལ་གྱི་མེང་རྒྱལ་རབས་ཀྱི་ལེ་དབར་ཁྲི་ཡི་ལྕགས་རིའི་ནུབ་ཕྱོགས་ཀྱི་མགོ་ཚུགས་ས་ཡིན། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ལྕགས་རི་རིང་པོའི་སྟེང་དུ་ཀྲུང་ཧྭ་མི་རིགས་ཀྱི་རང་བརྩོན་ལྷོད་མེད་ཀྱི་སྙིང་སྟོབས་དང་། སེམས་ཤུགས་གཅིག་མཐུན་དང་ཞུམ་པ་མེད་པའི་རྒྱལ་གཅེས་ཀྱི་འདུན་པ་འདུས་ཡོད་ལ། ཀྲུང་ཧྭ་མི་རིགས་ཀྱི་ཚབ་མཚོན་རང་བཞིན་གྱི་རྟགས་ཤིག་དང་ཀྲུང་ཧྭའི་དཔལ་ཡོན་གྱི་མཚོན་བྱེད་གལ་ཆེན་དུ་གྱུར་ཡོད་པས། ལྕགས་རི་རིང་པོའི་རིག་གནས་རིན་ཐང་གི་སྔོག་འདོན་དང་རིག་དངོས་ཤུལ་བཞག་གི་སྲུང་སྐྱོབ་བྱ་བ་བཟང་པོར་བསྒྲུབ་སྟེ། མི་རིགས་སྙིང་སྟོབས་དར་སྤེལ་བྱས་ནས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་སྟོབས་ཤུགས་གཅིག་སྒྲིལ་བྱེད་དགོས་ཟེར།

དེའི་རྗེས་སུ་ཞི་ཅིན་ཕིང་ཀྲང་ཡེ་གྲོང་ཁྱེར་ཀའོ་ཐའེ་རྫོང་དུ་ཕེབས་ནས། ཀྲུང་གོའི་བཟོ་ཞིང་དམར་དམག་ནུབ་ལམ་དམག་གི་རྗེས་དྲན་རྡོ་རིང་དང་སྔོན་གཤེགས་དཔའ་བོའི་སྤྱིའི་བང་སོར་མཇལ་བ་དང་། ཀྲུང་གོའི་བཟོ་ཞིང་དམར་དམག་ནུབ་ལམ་དམག་གི་རྗེས་དྲན་ཁང་ལ་གཟིགས་སྐོར་མཛད་ནས། གསར་བརྗེའི་སྔོན་གཤེགས་དཔའ་བོར་མེ་ཏོག་སི་ར་ཕུལ། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་གསར་པ་ནི་གསར་བརྗེའི་སྔོན་གཤེགས་དཔའ་བོ་གྲངས་མེད་ཀྱིས་ཟུངས་ཁྲག་དང་ཚེ་སྲོག་གིས་བཞེངས་པ་ཡིན་པས། དམར་པོའི་སྲིད་དབང་དང་ཀྲུང་གོ་གསར་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལས་སླ་མོའི་སྒོ་ནས་ཐོབ་པ་ཞིག་མིན་པར་ངོས་འཛིན་ཟབ་མོ་བྱེད་དགོས། ནུབ་ལམ་དམག་གིས་དཀའ་ངལ་ལ་མ་འཛེམས་པར་ཞུམ་པ་མེད་པར་འཐབ་འཛིང་བྱས་པའི་དཔའ་ཉམས་ཆེན་པོ་དང་། ཏང་དང་མི་དམངས་ཀྱི་ཆེད་དུ་སྤོབས་པ་ཆེན་པོས་རང་སྲོག་བློས་བཏང་བའི་སྙིང་སྟོབས་ཆེན་པོ་དེ་རྒྱང་སྐྱོད་ཀྱི་སྙིང་སྟོབས་དང་རྒྱུན་གཅིག་ཏུ་འབྲེལ་ཡོད་ལ། དེ་ནི་ཀྲུང་གོ་གུང་ཁྲན་ཏང་མིའི་དམར་པོའི་གཞི་རྒྱུད་དང་ཀྲུང་ཧྭ་མི་རིགས་ཀྱི་བསམ་པའི་རྒྱུ་ནོར་རྩ་ཆེན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། ང་ཚོས་ཏང་གི་གཏམ་རྒྱུ་དང་། དམར་དམག་གི་གཏམ་རྒྱུད། ནུབ་ལམ་དམག་གི་གཏམ་རྒྱུད་བཅས་བཟང་བོར་བཤད་ནས། དམར་པོའི་གཞི་རྒྱུད་རྒྱུན་འཛིན་བཟང་པོ་བྱེད་དགོས་ཟེར།

ཚེས་ཉི་ཤུ་ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་ཀྲང་ཡེ་གྲོང་ཁྱེར་ཧྲན་ཏན་རྫོང་དུ་ཕེབས་ནས། ཧྲན་ཏན་ཕེ་ལིས་སློབ་གྲྭར་གཟིགས་ཞིབ་མཛད་པ་དང་། ཀྲུང་གོ་ཞིང་ལས་འཕེལ་རྒྱས་སྡེ་ཚོགས་ཧྲན་ཏན་རྟ་ར་ཚད་ཡོད་འགན་ལེན་ཀུང་ཟིར་ཕེབས་ནས། རྟ་ར་དེའི་ལོ་རྒྱུས་དང་བཅོས་སྒྱུར་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྒྱུས་ལོན་མཛད། ས་དེ་ནས་ཞི་ཅིན་ཕིང་གིས་མདོ་ལ་རི་བོའི་སྐྱེ་ཁམས་ཁོར་ཡུག་སླར་གསོ་དང་སྲུང་སྐྱོབ་གནས་ཚུལ་གྱི་ཡར་ཞུ་ལ་གསན། ཞི་ཅིན་ཕིང་གིས་བསྟན་དོན། མདོ་ལ་རི་བོའི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བཟང་པོ་བྱེད་པ་ནི། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་། ཀན་སུའུ་དང་རྨ་ནུབ་དོགས་ལམ་གྱི་རྒྱུན་སྲིང་འཕེལ་རྒྱས་ལ་འཐབ་ཇུས་ཀྱི་དོན་སྙིང་ཧ་ཅང་གལ་ཆེན་ལྡན། རང་རྒྱལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་དུས་རིམ་དུ་སླེབས་ཡོད་པས། སྐྱེ་ཁམས་ཁོར་ཡུག་གི་རྒྱབ་རྟེན་ནུས་པ་སྔར་ལས་མངོན་གསལ་དུ་སོང་ཡོད། འཕེལ་རྒྱས་གསར་པའི་འདུ་ཤེས་ལག་བསྟར་མཐའ་འཁྱོལ་བྱས་ན། རི་ལྗང་ཆུ་དྭངས་ནི་ད་གཟོད་གསེར་རི་དངུལ་རིར་འགྱུར་ཐུབ་པས། ཐོན་སྐྱེད་འཚོ་བ་དང་སྐྱེ་ཁམས་ཁོར་ཡུག་བར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་དང་། སྐྱེ་ཁམས་ལ་གནོད་མེད་ཅིང་རྒྱུན་སྲིང་ཆོག་པའི་ཐོན་ལས་ཧུར་ཐག་གིས་འཕེལ་རྒྱས་སུ་བཏང་སྟེ། རྩྭ་སའི་ཐོན་ཁུངས་རྩ་ཆེན་ལ་སྲུང་སྐྱོབ་བཟང་པོ་བྱས་ནས། མདོ་ལ་རི་བོའི་ལྗང་མདོག་གི་རི་དང་དྭངས་གཙང་གི་ཆུ་དུས་གཏན་དུ་གནས་པར་བྱེད་དགོས་ལ། རྩྭ་ཐང་གི་རིགས་སོ་སོའི་མང་ཚོགས་ལ་དུས་གཏན་དུ་བདེ་སྐྱིད་བསྐྲུན་དགོས་ཟེར།

ཚེས་ཉེར་གཅིག་ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་ཝུའུ་ཝེ་གྲོང་ཁྱེར་ཀུའུ་ལང་རྫོང་ཧོང་ཧྭ་ཐང་སྐྱེ་ཁམས་གནས་སྤོར་ཁུལ་གྱི་དམངས་ཕྱུག་སྡེ་གསར་དུ་ཕེབས་ནས་རྟོག་དཔྱོད་ཞིབ་འཇུག་མཛད། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཏང་གི་བྱ་བ་ཐམས་ཅད་མང་ཚོགས་ཀྱི་ཁེ་ཕན་ཆེད་དུ་ཡིན་ལ། མང་ཚོགས་བདེ་སྐྱིད་ལྡན་པར་བྱེད་པ་ནི་ཏང་གི་ལས་དོན་ཡིན། དབུལ་ཕོངས་ཀྱི་ཡུལ་མི་རྣམས་དབུལ་ཐར་བྱེད་དུ་འཇུག་པ་ནི་གོམ་སྟབས་དང་པོ་ཡིན་པ་དང་། དེར་མཐུད་ནས་ཡུལ་མི་རྣམས་གཏན་འཇགས་སྒོས་དབུལ་ཕོངས་ལས་ཐར་བར་ཁག་ཐེག་བྱེད་དགོས་ལ། དབུལ་སྐྱོར་སྲིད་ཇུས་དང་དབུལ་སྐྱོར་དཔུང་སྡེ་ད་དུང་དུས་ཡུན་ངེས་ཅན་ཞིག་ལ་བཞག་སྟེ། ཐོན་ལས་གོང་དུ་སྤེལ་བ་དང་ཐུན་མོང་དཔལ་འབྱོར་རྒྱ་བསྐྱེད་པ་སོགས་ཕྱོགས་ནས་ཐབས་ལམ་བཙལ་ནས། གནས་གཞན་དུ་སྤོས་པའི་མང་ཚོགས་རྣམས་གཞིས་ཆགས་ཐུབ་པ་དང་ལས་ཞུགས་བྱེད་ཐུབ་པ། ཡོང་སྒོ་ཡོད་པ། འཚོ་བ་ཇེ་བཟང་ནས་ཇེ་བཟང་ཡིན་པ་བཅས་བྱེད་དགོས་ཟེར།

ཚེས་ཉེར་གཅིག་ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་ལན་ཀྲིག་གི་རྨ་ཆུ་བཅོས་སྐྱོང་ལས་གཞི་སྤེལ་ཡུལ་དུ་སོང་ནས། ཀན་སུའུ་ཞིང་ཆེན་དང་ལན་ཀྲིག་གྲོང་ཁྱེར་གྱིས་རྨ་ཆུ་བཅོས་སྐྱོང་དང་སྲུང་སྐྱོབ་ཀྱི་གནས་ཚུལ་མཚམས་སྦྱོར་བྱས་པར་གསན། ཞི་ཅིན་ཕིང་གིས་བསྟན་དོན། རྨ་ཆུ་དང་འབྲི་ཆུ་ནི་ཀྲུང་ཧྭ་མི་རིགས་ཀྱི་མ་ཡུམ་ཆུ་བོ་ཡིན་ལ། མ་ཡུམ་ཆུ་བོར་སྲུང་སྐྱོབ་བྱེད་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་དང་ཡུན་མཐུད་འཕེལ་རྒྱས་ཀྱི་དུས་གཏན་གྱི་ཇུས་ཆེན་དང་འབྲེལ་ཡོད། ཀན་སུའུ་ནི་རྨ་ཆུའི་བཞུར་རྒྱུད་ཀྱི་ཆུ་གསོག་ས་དང་གསབ་ས་གལ་ཆེན་ཡིན་པས། ཐོག་མ་ཉིད་ནས་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་ཉམས་གསོ་དང་ས་ཆུ་སྲུང་འཛིན། འབག་བཙོག་འགོག་བཅོས་བཅས་ཀྱི་འགན་འཁྲི་ལྕི་མོ་ཕྲག་ཏུ་ལེན་དགོས། ལན་ཀྲིག་གིས་རྨ་ཆུའི་དྭངས་གཙང་ལ་སྲུང་སྐྱོབ་བྱེད་པའི་ཕྱོགས་ནས་སྔོན་ལ་སྟོབས་ཤུགས་འདོན་པ་དང་མགོ་བཟང་པོ་འཁྲིད་དགོས་ཟེར།

ཚེས་ཉེར་གཉིས་ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཀན་སུའུ་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་བྱ་བའི་ཡར་ཞུར་གསན་པ་དང་། ཀན་སུའུ་ཞིང་ཆེན་གྱིས་བྱ་བ་སྣ་ཚོགས་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་མཛད་པར་མ་ཟད། ཀན་སུའུ་ཞིང་ཆེན་གྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་མོ་བྱས་ཏེ། བྱ་བ་སྣ་ཚོགས་ཏན་ཏན་ཏིག་ཏིག་གིས་བཟང་པོར་བསྒྲུབ་དགོས་པའི་ཐུགས་རེ་བཏོན།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དབུལ་ཐར་མཁྲེགས་གཏོར་ཟབ་སྤེལ་བྱས་ཏེ་དམིགས་འབེན་མི་འཁྱོག་པ་དང་། གནད་ས་མི་འཐོར་བ། ཚད་གཞི་མི་འགྱུར་བ་བཅས་བྱས་ནས། སྡེ་བ་དང་ཁྱིམ་ཚང་། མི་རེ་རེ་བཞིན་དུ་གནད་དོན་ཐག་བཅད་ནས། མཐའ་མཇུག་གི་དབུལ་ཕོངས་ཀྱི་བཀག་རྒྱ་རྩ་བ་ནས་སེལ་དགོས། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་པའི་ཞན་ས་གསབ་པ་དང་། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་སྤེལ་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་ཇེ་བརྟན་དུ་གཏོང་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་བསྣན་ཏེ། གསར་སྤེལ་དང་སྲུང་སྐྱོབ་བར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་དང་། སྐྱེ་ཁམས་ཐོན་ལས་མྱུར་དུ་གོང་འཕེལ་དུ་བཏང་ནས། རྒྱལ་ཁབ་ཀྱི་ནུབ་རྒྱུད་སྐྱེ་ཁམས་བདེ་འཇགས་ཀྱི་ལྕགས་རི་བརྟན་པོར་བསྐྲུན་དགོས། དམངས་ཚིས་ལ་འགན་སྲུང་དང་ལེགས་བཅོས་བྱས་ཏེ། མི་དམངས་མང་ཚོགས་ལ་བསམ་འཆར་ཆེ་བའི་སློབ་གྲྭར་འགྲོ་དཀའ་བ་དང་། སྨན་བཅོས་བྱེད་དཀའ་བ། འགྲིམ་འགྲུལ་སྟབས་མི་བདེ་སོགས་ཀྱི་གནད་དོན་ཐག་གཅོད་བཟང་པོ་བྱེད་དགོས་ལ། གནོད་ཐེབས་མང་ཚོགས་དང་མཁར་གྲོང་གི་དཀའ་ངལ་ཅན་གྱི་མང་ཚོགས་ལ་སེམས་ཁུར་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱ་བ་ཟབ་མོར་སྤེལ་བ། འགལ་བ་དང་རྩོད་གཞི་སེལ་བའི་བྱ་བ་ཟབ་མོར་སྤེལ་ནས། སྤྱི་ཚོགས་འཆམ་མཐུན་གཏན་འཇགས་ལ་སྲུང་སྐྱོབ་བྱེད་དགོས་ཟེར།

ཏེན་ཞུའེ་ཞང་དང་ལིའུ་ཧི། ཧི་ལིས་ཧྥེང་བཅས་དང་། ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གྱིས་མཉམ་དུ་རྟོག་ཞིབ་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།