ཀྲུང་གོ་བོད་ཀྱི་དྲ་བ།

ཕྱི་འབྲེལ་པུའུ་ཡིས་ཤང་ཀང་གི་དྲག་ཤུགས་དོན་རྐྱེན་ནི་ཨ་རིའི་“བརྩམས་ཆོས”ཤིག་ལ་བརྩི་ཆོག་ཅེས་དགག་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2019-08-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མི་དམངས་དྲ་བའི་འཕྲིན།  ཟླ7ཚེས30ཉིན། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧྭ་ཁྲུན་དབྱིང་གིས་ཨ་རིའི་དཔོན་རིགས་ཀྱིས་ཤང་ཀང་དང་འབྲེལ་བའི་གཏམ་བཤད་ནོར་འཁྲུལ་ཅན་ལ་དགག་པ་རྒྱག་དུས་སུ། ཉེ་ཆར། ཤང་ཀང་གི་དྲག་ཤུགས་དོན་རྐྱེན་ནི་ཨ་རིའི་“བརྩམས་ཆོས་”ཤིག་ལ་བརྩི་ཆོག་ཅིང་། གནད་དོན་འདིའི་ཐད་ཨ་རིས་འཛམ་གླིང་ལ་རྩིས་ཤིག་སྤྲད་རྒྱུར་ལྷག་ཡོད་ཅེས་བཤད། 

ཧྭ་ཁྲུན་དབྱིང་གིས་“སྐུ་ཞབས་ཕེང་ཕེ་ཨོ་ཡིས་ཨ་རི་ལའང་དུས་རྒྱུན་དུ་ངོ་རྒོལ་དོན་རྐྱེན་བྱུང་བཞིན་འདུག་ཟེར། ཁོང་གིས་ད་ལྟ་ཤང་ཀང་ལ་བྱུང་བཞིན་པའི་གཏུམ་སྤྱོད་ཅན་གྱིས་ལག་ཏུ་ལྕགས་ཐག་དང་སྲོག་གཅོད་ནུས་པའི་དྲག་ཆས་བཟུང་ནས་ཉེན་རྟོག་པར་འཇབ་རྒོལ་བྱེད་པའི་ངོ་རྒོལ་ཡང་ཨ་རི་ལ་སྤོ་བའི་རེ་བ་བྱེད་བཞིན་ཡོད་དམ། ཨ་རིས་སྐབས་དེ་དང་བསྟུན་ནས་འཛམ་གླིང་ལ་ཁོ་ཚོའི་དམངས་གཙོ་ངོམ་འདོད་པ་ཡིན་ནམ། ངས་ཤེས་མ་སོང་། ”ཞེས་བཤད། 

ཁོ་མོས། ཕེང་ཕེ་ཨོ་ཡིས་རང་ཉིད་ཀྱི་གོ་གནས་དྲང་པོ་བཞག་མེད་པ་མངོན་གསལ་ཡིན་པ་དང་། ཁོང་གིས་རང་ཉིད་ད་དུང་ཨ་རིའི་ཀྲུང་དབྱང་གསང་འཕྲིན་ཅུས་ཀྱི་འགན་འཁུར་བ་རེད་འདོད་འདུག ཁོང་གིས་ཉེ་ཆར་ཤང་ཀང་གི་དྲག་ཤུགས་དོན་རྐྱེན་ནི་ལུགས་མཐུན་རེད་ཟེར། རྒྱུ་མཚན་ནི་ཚང་མས་ཕལ་ཆེར་ཤེས་གསལ་ཏེ། འདི་ནི་མཐར་གཏུགས་ན་ཨ་རིའི་“བརྩམས་ཆོས་”ཤིག་ལ་བརྩི་ཆོག་རེད་ཅེས་བཤད།

ཧྭ་ཁྲུན་དབྱིང་གིས། སྤྱི་བསྒྲགས་སྒོས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ་2པའི་ཟླ་སྨད་དང་ཟླ་3པའི་ཟླ་སྟོད་དུ། ལས་ཐོག་ཞང་ཀང་དང་ཨའོ་མོན་དུ་སྡོད་པའི་ཨ་རིའི་སྤྱི་ཁྱབ་གཞུང་ཚབ་ཀྱིས་མངོན་སུམ་འཛེམ་མེད་ཀྱིས་ཤང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གི་དཔེ་བཟོ་དང་“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཐད་ལ་སྐྱོན་བརྗོད་བྱས་ཏེ་མངོན་སུམ་འཛེམ་མེད་ཀྱིས་ཤང་ཀང་གི་ལས་དོན་ལ་ཐེ་གཏོགས་བྱས། ཟླ་3པར། ཨ་རིའི་ཙུང་ཐུང་གཞོན་པ་ཕུན་སི་ཡིས་ཨ་རིར་བསྐྱོད་པའི་ཤང་ཀང་གི་ངོ་རྒོལ་ཕྱོགས་ཁག་གི་མི་སྣ་དང་ཐུག་འཕྲད་བྱས་པ་རེད། ཟླ་5པར། ཕེང་ཕེ་ཨོ་ཡིས་ཤང་ཀང་གི་ངོ་རྒོལ་ཕྱོགས་ཁག་གི་མི་སྣ་དང་ཐུག་འཕྲད་བྱས་ཤིང་། མངོན་སུམ་འཛེམ་མེད་ཀྱིས་ཤང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་དཔེ་བཟོ་དོན་དག་ལ་གྲོས་ཞིབ་བྱས། ཟླ་6པར། ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཁང་འོག་མའི་གྲོས་དཔོན་ཕེ་ལོ་ཞི་ཡིས་སྤྱི་བསྒྲགས་བྱས་དོན། ཤང་ཀང་དུ་བྱུང་བའི་ཁྲོམ་སྐོར་ནི“མཛེས་སྡུག་ལྡན་པའི་ལྗོངས་རྣམ་ཞིག”རེད་ཅེས་བཤད། ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་མི་ཁ་ཤས་ཀྱིས་“ཤང་ཀང་གི་འགྲོ་བ་མིའི་རིགས་ཀྱི་ཐོབ་ཐང་དང་དམངས་གཙོའི་ཁྲིམས་གཞི” བསྐྱར་དུ་གྲོས་འགོ་བཏོན། ཟླ་7པར། ཕུན་སི་དང་ཕེང་ཕེ་ཨོ། པོར་ཏུན་བཅས་ཀྱིས་ངོ་རྒོལ་ཕྱོགས་ཁག་གི་མི་སྣ་དང་ཐུག་འཕྲད་བྱས། ཉེ་ཆར། སྨྱན་སྦྱོར་ཐོག་ནས་ཤང་ཀང་གི་དྲག་ཤུགས་ཁྲོམ་སྐོར་རུ་ཁག་ནང་དུ་ཨ་རིའི་མི་མང་པོ་མཐོང་རྒྱུ་ཡོད་ལ། ཐ་ན་ཨ་རིའི་རྒྱལ་དར་ཀྱང་མཐོང་རྒྱུ་ཡོད་པ་བྱུང་། “ཉེ་ཆར། ཤང་ཀང་དུ་བྱུང་བའི་དོན་རྐྱེན་ཁྲོད་དུ། ཨ་རིས་ཅི་ཞིག་འཁྲབ་བཞིན་ཡོད་དམ། གནད་དོན་འདིའི་ཐད། ངས་བསམ་ན་ཨ་རིས་འཛམ་གླིང་ལ་རྩིས་ཤིག་སྤྲད་རྒྱུར་ལྷག་ཡོད”ཅེས་བཤད། 


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།