ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཡའོ་ཧན་ཞོན་ལ་གློག་འཕྲིན་བཏང་སྟེ་ཁོས་དབྱིན་ཇིའི་དབུ་བཞུགས་བློན་ཆེན་གྱི་འགན་བཞེས་པར་རྟེན་འབྲེལ་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-07-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བདུན་པའི་ཚེས་ཉེར་བཞི་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པོ་ལིས་སི་ཡའོ་ཧན་ཞོན་ལ་གློག་འཕྲིན་བཏང་སྟེ་ཁོས་དབྱིན་ཇིའི་དབུ་བཞུགས་བློན་ཆེན་གྱི་འགན་བཞེས་པར་རྟེན་འབྲེལ་ཞུས།

ལིས་ཁི་ཆང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་གསུངས་རྒྱུར། ཉེ་བའི་ལོ་འགའི་རིང་ལ། ཀྲུང་གོ་དང་དབྱིན་ཇིའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པ་དང་། ཕྱོགས་གཉིས་ཀྱི་མཐོ་རིམ་འགོ་ཁྲིད་པའི་བར་དུ་འབྲེལ་འདྲིས་དང་འགྲོ་འོང་མང་ལ། ཁྱབ་ཁོངས་སོ་སོའི་བརྗེ་རེས་དང་མཉམ་ལས་ཐད་ནས་གྲུབ་འབྲས་བཟང་བོ་ཐོབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་དབྱིན་ཇིའི་འབྲེལ་བའི་འཕེལ་རྒྱས་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པར་མ་ཟད་དབུ་བཞུགས་བློན་ཆེན་ཡའོ་ཧན་ཞོན་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཕན་ཚུན་ལ་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་ཚུལ་འཛིན་པའི་རྨང་གཞིའི་སྟེང་རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཞིང་། ཀྲུང་གོ་དང་དབྱིན་ཇིའི་འབྲེལ་བ་དེ་བརྟན་བརླིང་སྒོས་མདུན་དུ་སྐྱོད་པར་སྐུལ་འདེད་གཏོང་བར་མ་ཟད་ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་ཚོང་སྲུང་སྐྱོབ་བྱེད་པ་དང་སྒོ་འབྱེད་རང་བཞིན་གྱི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱེད་པར་བྱས་རྗེས་ཆེན་པོ་འཇོག་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།