ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱི་ཞིང་ལས་དང་གྲོང་གསེབ་དཔལ་འབྱོར་སྤྱི་ཡོངས་ནས་བརྟན་པོ་དང་། གྲུབ་ཆ་བཟང་སྒྲིག སྤུས་ཚད་མཐོ་བ་བཅས་ཀྱི་འཕེལ་རྒྱས་ཕྱིན་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-07-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིང་ལས་གྲོང་གསེབ་པུའུ་ཡི་ལོ་སྟོད་ཀྱི་ཞིང་ལས་དང་གྲོང་གསེབ་ཀྱི་དཔལ་འབྱོར་དུས་བབ་ཀྱི་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ལོ་སྟོད་དུ་རང་རྒྱལ་གྱི་ཞིང་ལས་དང་གྲོང་གསེབ་དཔལ་འབྱོར་སྤྱི་ཡོངས་ནས་བརྟན་པོ་དང་། གྲུབ་ཆ་བཟང་སྒྲིག སྤུས་ཚད་མཐོ་བ་བཅས་ཀྱི་འཕེལ་རྒྱས་ཕྱིན་པ་དང་། འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་བརྟན་པོ་དང་ཞིང་པའི་ཡོང་འབབ་རྒྱུན་མཐུད་འཕར་བ་ལས་རྒྱལ་དམངས་དཔལ་འབྱོར་སྤྱི་ཡོངས་ནས་རྒྱུན་མཐུད་བརྟན་པོ་དང་བརྟན་ཐོག་ཡར་འཕེལ་ཡོང་ཆེད་འདེགས་སྐྱོར་ནུས་ལྡན་བྱས་ཡོད།

ཞིང་ལས་ཐོན་སྐྱེད་ཀྱི་དུས་བབ་བརྟན་པོ་ཡོད་པ་དང་དབྱར་འབྲུར་སླར་ཡང་ལོ་ལེགས་བྱུང་བ།

འདི་ལོར་དབྱར་འབྲུའི་ཐོན་འབབ་རྒྱ་མ་དུང་ཕྱུར་2835བྱུང་ནས་ལོ་གོང་མ་ལས་རྒྱ་མ་དུང་ཕྱུར་58.6མང་དུ་ཕྱིན་ཏེ། 2.1%འཕར་བ་དེ་ལོ་རྒྱུས་ཀྱི་ཐོན་འབབ་མང་ཤོས་ཀྱི་2017ལོ་དང་མཉམ་ཡོད། མིག་སྔར། སྔ་སྨིན་འབྲས་ཕྱེད་ཀ་ཙམ་བསྡུས་ཟིན་པ་དང་། སྟོན་འབྲུ་སྐྱེ་ཚུལ་བཟང་བ། རྩྭ་ཐང་གི་མཚན་མོའི་གནོད་འབུའི་གནོད་འཚེ་མཆེད་ཚད་དལ་དུ་ཕྱིན་པ་བཅས་ལས་ལོ་ཧྲིལ་པོའི་འབྲུ་རིགས་ལ་ལོ་ལེགས་ཡོང་བའི་རྨང་གཞི་བཟང་པོ་བཏིང་ཡོད། ཨ་ཧྥེ་རི་ཁའི་ཕག་ནད་ཚོད་འཛིན་ནུས་ལྡན་བྱུང་ནས་འདི་ལོར་ཕག་ནད་ཐོན་ཚད་མངོན་གསལ་དོད་པོས་ཉུང་དུ་ཕྱིན་པ། ཞིང་ཆེན(རང་སྐྱོང་ལྗོངས)24ཡིས་ནད་ཡམས་བཀག་ཁུལ་མེད་པ་བཟོས་པ། ཕག་པ་རྒྱགས་གསོ་དང་ཕྱིར་ཚོང་རིམ་བཞིན་སླར་གསོ་ཐུབ་ཡོད། ཕག་པ་ཕུད་ད་དུང་སྒོ་ཕྱུགས་དང་ཁྱིམ་བྱ་གསོ་ཚགས་སོགས་འཕེལ་རྒྱས་མགྱོགས་པོ་བྱུང་ནས་ནོར་ལུག་གི་ཤ་ཐོན་ཚད་ཏུན་ཁྲི་1442ཟིན་པ་དེ་དུས་མཚུངས་ལས་4.3%འཕར་བ་དང་། འོ་མ་ཐོན་ཚད་ཏུན་ཁྲི་1326ཟིན་པ་དེ་དུས་མཚུངས་ལས་1.7%འཕར་བ། ཆུ་ཐོན་ཐོན་རྫས་ཀྱི་ཐོན་འབབ་ཏུན་ཁྲི་2770ཟིན་པ་དེ་དུས་མཚུངས་ལས་1.1%འཕར་ཡོད།

ཞིང་ལས་ཐོན་ཟོག་གི་རིན་གོང་བརྟན་པོ་དང་སྤུས་ཚད་དང་བདེ་འཇགས་ཆུ་ཚད་མཐོ་པོ་རྒྱུན་འཁྱོངས་བྱུང་བ།

འབྲུ་རིགས་མཁོ་འདོན་འདང་ངེས་ཡོད་པ་དང་རིན་གོང་བརྟན་པོ་ཡོད། ཟླ་དྲུག་པར་གྲོའི་ཁྲོམ་རའི་རིན་གོང་རྒྱ་མ་རེར་སྒོར་1.17ཡིན་པ་དེ་དུས་མཚུངས་ལས་2.5%ཆག་པ་དང་། འབྲས་ཀྱི་ཁྲོམ་རའི་རིན་གོང་རྒྱ་མ་རེར་སྒོར་1.4ཡིན་པ་དེ་དུས་མཚུངས་ལས་4.1%ཆག་པ། མ་རྨོས་ལོ་ཏོག་གི་ཁྲོམ་རའི་རིན་གོང་རྒྱ་མ་རེར་སྒོར་1.02ཡིན་པ་དེ་དུས་མཚུངས་ལས་0.9%འཕར་ཡོད། ན་ནིང་ཀུ་ཤུ་དང་ལི་ཐོན་ཁུལ་གཙོ་བོར་དྲོད་ཚད་དམའ་དྲགས་པའི་ཤུགས་རྐྱེན་དབང་གིས་འདི་ལོ་ཤིང་འབྲས་ཁག་གཅིག་གི་རིན་གོང་འཕར་བ་དང་། ཉེ་དུས་ཤིས་ཀྭ་སོགས་དབྱར་དུས་ཀྱི་ཤིང་འབྲས་ཁྲོམ་རར་སྟོན་པ་དང་བསྟུན་ནས་རིན་གོང་རིམ་བཞིན་ཆག་འགོ་ཚུགས་ཡོད། ཨ་ཧྥེ་རི་ཁའི་ཕག་ནད་ཀྱི་ཤུགས་རྐྱེན་ཕོག་པ་ལས་ཟླ་དྲུག་པར་ཕག་ཤའི་ཁྲོམ་རའི་རིན་གོང་རྒྱ་མ་རེར་སྒོར་25.62ཡིན་པ་དང་དུས་མཚུངས་ལས་29.2%འཕར་ཡོད། ཕག་ཤའི་རིན་གོང་བརྟན་པོ་མེད་པ་དེ་མཁོ་སྤྲོད་བྱེད་མང་དུ་ཕྱིན་པ་དང་བསྟུན་ནས་རིན་གོང་བརྟན་དུ་འགྲོ་རྒྱུ་རེད། ལྗང་མདོག་སྤུས་ལེགས་ཀྱི་ཞིང་ལས་ཐོན་ཟོག་མཁོ་སྤྲོད་མངོན་གསལ་དོད་པོས་བྱེད་མང་དུ་ཕྱིན་པ་དང་། ལྗང་མདོག་དང་། སྐྱེ་ལྡན། ས་ཁམས་མཚོན་རྟགས་ཀྱི་ཞིང་ལས་ཐོན་ཟོག་ཁྲི་4ལྷག་ཙམ་ཟིན་པ། ཞིང་ལས་ཐོན་ཟོག་གི་སྤུས་ཚད་དང་བདེ་འཇགས་ལ་འཆར་ཅན་ལྟ་ཞིབ་ཚན་ལེན་དང་འཐེན་བཤེར་བྱས་རིགས་ཚད་གཞི་ལོན་ཚད་སྤྱིར་97%ཡན་ཟིན་ཡོད།

ཞིང་ལས་ཀྱི་གྲུབ་ཆ་རྒྱུན་མཐུད་ལེགས་སུ་ཕྱིན་པ་དང་གྲོང་གསེབ་ཐོན་ལས་ཀྱི་ཐོན་ཚད་དང་སྤུས་ཚད་མཐོ་རུ་ནུས་ལྡན་ཕྱིན་པ།

ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་གཏིང་ཟབ་ལ་སྐུལ་འདེད་བཏང་བས། ཞིང་ལས་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བའི་གོམ་སྟབས་བརྟན་ལ་མྱུར་པོ་ཡོད། འདི་ལོའི་གྲོའི་སྤུས་ཚད་ལོ་གོང་མ་ལས་མངོན་གསལ་དོད་པོས་ཡག་ཏུ་ཕྱིན་པ་དང་། སྤུས་ལེགས་ཀྱི་ཆེད་སྤྱོད་གྲོའི་རྒྱ་ཁྱོན་གྱིས་བསྡུར་གྲངས་བཟུང་ཚད་33%ཟིན་པ་དེ་ན་ནིང་ལས་བརྒྱ་ཆའི་གྲངས་3འཕར་ཡོད། སྲན་ཆེན་འཕེལ་རྒྱས་ཆེན་པོ་གཏོང་རྒྱུའི་འཆར་གཞི་འགོ་ཚུགས་པ་ལས་སྔོན་དཔག་བྱས་ན་རྒྱ་ཁྱོན་མུའུ་ཁྲི་1000ཡན་མང་དུ་འགྲོ་རྒྱུ་རེད། ཞིང་ལས་ཐོན་ཟོག་ལས་སྣོན་ལས་རིགས་འཕེལ་རྒྱས་ཡག་པོ་འགྲོ་ཚུལ་མུ་མཐུད་རྒྱུན་འཁྱོངས་ཐུབ་ཡོད། སྔོན་དཔག་བྱས་ན། ལོ་སྟོད་ཀྱི་གཞི་ཁྱོན་ཡན་གྱི་ཞིང་ལས་ཐོན་ཟོག་ལས་སྣོན་ལས་རིགས་ལ་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་ཁྲི་6.8རག་ནས་དུས་མཚུངས་ལས་4%ཡས་མས་འཕར་རྒྱུ་རེད། སྤྲོ་གསེང་ཡུལ་སྐོར་ལས་རིགས་དང་ཞིང་ལས་ཐོན་ཟོག་དྲ་ཐོག་ནས་ཚོང་གཉེར་བྱེད་ཚད་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་བྱུང་ཡོད། དེང་རབས་ཞིང་ལས་ཐོན་ལས་གླིང་འཛུགས་སྐྲུན་བྱ་རྒྱུ་སྣེ་འདྲེན་དུ་བྱས་ནས་གྲོང་གསེབ་ཀྱི་ཐོན་ལས་དར་རྒྱས་ལ་སྐུལ་འདེད་བཏང་ཡོད། རྒྱལ་ཡོངས་སུ་རྒྱལ་ཁབ་རིམ་པའི་དེང་རབས་ཞིང་ལས་ཐོན་ལས་གླིང་114བཙུགས་པ་དང་ཞིང་ཆེན་རིམ་པའི་ཐོན་ལས་གླིང་1000ལྷག་ཙམ་དང་གྲོང་ཁྱེར་དང་རྫོང་རིམ་པའི་ཐོན་ལས་གླིང་འབོར་ཆེན་ཞིག་གཏོད་རྒྱུར་དཔེ་སྟོན་སྣེ་ཁྲིད་བྱས་ཡོད། ཞིང་ལས་ཐོན་ལས་ཀྱི་གྲོང་རྡལ་སྟོབས་ཆེན་ཁག་552བསྐྲུན་པས་གྲོང་གསེབ་ཐོན་ལས་མཉམ་འདྲེས་དང་ཐོན་གྲོང་མཉམ་འདྲེས་ཀྱི་དཔེ་སྟོན་གྱི་མ་དཔེ་ཞིག་ཆགས་ཡོད།

ཞིང་པར་འབབ་འཕར་ཡོང་བའི་ཐད“མཐོ་བ་གཉིས”རྒྱུན་འཁྱོངས་དང་། གྲོང་གསེབ་ཀྱི་འཛད་སྤྱོད་མགྱོགས་ཙམ་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་པ།

དངུལ་མང་དུ་ཕྱིན་པ་དང་གྲོང་གསེབ་ཀྱི་འཛད་སྤྱོད་ཤུགས་ཆེ་རུ་ཕྱིན་ཡོད། ལོ་སྟོད་དུ་གྲོང་གསེབ་ཀྱི་གྲོང་མི་མི་རེར་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་7778བྱུང་ནས་དངོས་སུ་6.6%འཕར་བ་དེ་GDPཡི་འཕར་ཚད་ལས་བརྒྱ་ཆའི་གྲངས་0.3གྱིས་མཐོ་བ་ཡོད་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་འཕར་ཚད་ལས་བརྒྱ་ཆའི་གྲངས་0.9ཡིས་མཐོ་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཀྱི་བསྡུར་ཚད་2.74ཡིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་0.03ཉུང་དུ་ཕྱིན་ཡོད། ཐོན་ལས་དབུལ་སྐྱོར་གྱི་ཕན་འབྲས་མངོན་གསལ་དོད་ཅིང་། ས་ཁུལ་དབུལ་པོའི་སྤུས་ལེགས་ཀྱི་ཞིང་ལས་ཐོན་ཟོག་གྲོང་ཚོ་ནས་གྲོང་ཁྱེར་དུ་བཏང་བས། དུད་ཚང་དབུལ་པོའི་ཡོང་འབབ་འཕར་ཚད་མུ་མཐུད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་ཡོང་རྒྱུར་སྐུལ་ཁྲིད་ཐུབ་ཡོད། ཞིང་པའི་ཡོང་འབབ་ཅུང་མགྱོགས་ཙམ་འཕར་བས་གྲོང་གསེབ་ཀྱི་འཛད་སྤྱོད་ལ་སྐུལ་ཁྲིད་ནུས་ལྡན་ཐུབ་པ་དང་། རྒྱལ་ཡོངས་ཀྱི་གྲོང་གསེབ་ཀྱི་འཛད་རྫས་སིལ་འཚོང་བསྡོམས་འབོར་དུས་མཚུངས་ལས་9.1%འཕར་བ་དང་། འཕར་ཚད་གྲོང་ཁྱེར་དང་གྲོང་རྡལ་གྱི་འཕར་ཚད་ལས་བརྒྱ་ཆའི་གྲངས་0.8ཀྱིས་མཐོ་བ་ཡོད། གྲོང་གསེབ་ཀྱི་གྲོང་མིའི་མི་རེའི་འཛད་སྤྱོད་ཀྱི་གཏོང་ཆ་སྒོར་6310ཟིན་ནས་དངོས་སུ་6.4%འཕར་བ་དང་འཕར་ཚད་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་འཕར་ཚད་ལས་བརྒྱ་ཆའི་གྲངས་2.3གྱིས་མཐོ་བ་བྱུང་ནས་གྲོང་གསེབ་ཀྱི་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།