ཀྲུང་གོ་བོད་ཀྱི་དྲ་བ།

རེས་འཁོར་གཉིས་པའི་ཁག་དང་པོའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་ཚང་མ་གཞི་སྡོད་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-07-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་16ཉིན་གསར་འགོད་པས་སྐྱེ་ཁམས་ཁོར་ཡུག་པུའུ་ནས་ཤེས་རྟོགས་བྱས་པ་ལྟར་ན། རེས་འཁོར་གཉིས་པའི་ཁག་དང་པོའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་8ཀྱིས་ཚེས་15ཉིན་ཚང་མ་གཞི་སྡོད་བྱས་ཡོད་པ་རེད། ཚེས་15ཉིན་གྱི་དགོང་མོའི་བར་ལྟ་ཞིབ་ཚོགས་ཆུང་ལ་མང་ཚོགས་ཀྱིས་བསྐུར་བའི་ཐེར་འདོན་འཕྲིན་ཡིག་དང་གློག་འཕྲིན་809འབྱོར་པ་དང་། དེ་ལས་ཐེར་འདོན་བསྐྱར་མ་ལེགས་བསྒྲིགས་བྱས་པ་བརྒྱུད། མཇུག་མཐར་ལྟ་ཞིབ་བྱ་ཡུལ་གྱི་གྱོད་གཞི་569བརྒྱུད་སྤྲོད་བྱ་རྒྱུ་ཐག་བཅད།

ལྟ་ཞིབ་ཚོགས་ཆུང་8ཀྱིས་ཧྲང་ཧའེ་དང་། ཧྥུའུ་ཅན། ཧའེ་ནན། ཁྲུང་ཆིང་། ཀན་སུའུ། མཚོ་སྔོན་སོགས་ཞིང་ཆེན(གྲོང་ཁྱེར)6དང་། ཀྲུང་གོ་གཏེར་ཁ་སྔོག་འདོན་ལྔ་བའི་བཟོ་ཚོགས་ཚད་ཡོད་ཀུང་སི། ཀྲུང་གོ་རྫས་འགྱུར་བཟོ་ཚོགས་ཚད་ཡོད་ཀུང་སི་བཅས་ཀྲུང་དབྱང་ཁེ་ལས་2ལ་ལྟ་ཞིབ་གཞི་སྡོད་ལས་དོན་སྤེལ་རྒྱུ་ཡིན་པ་རེད། ཀུང་སི་འདི་གཉིས་ནི་ཐོག་དང་པོར་ལྟ་ཞིབ་བྱེད་པའི་ཀྲུང་དབྱང་ཁེ་ལས་སུ་གྱུར། 

བཀོད་སྒྲིག་གཞིར་བཟུང་རེས་འཁོར་གཉིས་པའི་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཐེངས་དང་པོར་གཞི་སྡོད་བྱེད་པའི་དུས་ཚོད་ཟླ་བ་གཅིག་ཡིན་པ་རེད། གཞི་སྡོད་བྱེད་པའི་རིང་ལྟ་ཞིབ་ཚོགས་ཆུང་ཁག་གིས་ཆེད་མངགས་ལས་རེས་པའི་ཁ་པར་ཨང་གྲངས་དང་སྦྲག་སྲིད་ཡིག་སྒམ་བཙུགས་ཡོད་ལ། ལྟ་ཞིབ་བྱ་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐད་ཀྱི་ཐེར་འདོན་ཡིག་བསྐུར་དང་ཐེར་འདོན་ཁ་པར་དང་ལེན་བྱེད་པའི་དུས་ཚོད་ནི་ཉིན་རེའི་ཞོགས་པའི་ཆུ་ཚོད་8ནས་དགོང་མོའི་ཆུ་ཚོད་8བར་ཡིན་པ་རེད། 

ལྟ་ཞིབ་གཞི་སྡོད་སྐུལ་སློང་ཚོགས་འདུའི་ཐོག་ལྟ་ཞིབ་ཚོགས་ཆུང་ཁག་གི་ཚོགས་གཙོ་ཡིས་ད་ཐེངས་ཀྱི་ལྟ་ཞིབ་སྤྱིའི་བླང་བྱ་ནི“བརྟན་བརླིང་དང་། གཅིག་སྡུད། གནད་འཁེལ། གཉིས་བཤེར། སྣེ་ཁྲིད། དཔེ་སྟོན”ཡིན་པས། མུ་མཐུད་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཆབ་སྲིད་འགན་འཁུར་ཇེ་བརྟན་དུ་གཏོང་དགོས་པ་ནན་གྱིས་བསྟན།

ཞིང་ཆེན(གྲོང་ཁྱེར)དང་བཟོ་ཚོགས་ཀུང་སིའི་ཏང་ཨུའི(ཏང་རྩ་འཛུགས)འགོ་ཁྲིད་བློ་མཐུན་གཙོ་བོ་དག་གིས་སྐུལ་སློང་གསུང་བཤད་གནང་ཞིང་། ནུས་ཤུགས་ཡོད་རྒུས་ལྟ་ཞིབ་བྱ་བར་གཞོགས་འདེགས་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་། མཐའ་གཅིག་ཏུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་བཅའ་སྡོད་ལས་དོན་གྱི་བཀོད་སྒྲིག་ལྟར། གནས་ཚུལ་སྙན་ཞུ་དང་། རྒྱུ་ཆ་མཁོ་འདོན། མཐུན་སྦྱོར་འགན་ལེན། ལྟ་ཞིབ་དག་ཐེར། ཆ་འཕྲིན་ཡོངས་བསྒྲགས་སོགས་ཀྱི་ལས་དོན་ཁག་ཡག་པོ་བསྒྲུབས་ནས་ལྟ་ཞིབ་ལས་དོན་བདེ་བླག་ངང་སྤེལ་ཏེ་དོན་དངོས་རང་བཞིན་གྱི་ཕན་འབྲས་ཐོན་པར་འགན་ལེན་བྱེད་དགོས་པ་ནན་གྱིས་བསྟན་པ་རེད།  །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།