ཀྲུང་གོ་བོད་ཀྱི་དྲ་བ།

​ རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུས་རེས་འཁོར་གསར་པའི་དྲག་ཆར་ཆུ་ལོག་གནོད་འཚེར་དོགས་ཟོན་དང་ཁ་གཏད་གཅོག་པའི་ལས་དོན་བཀོད་སྒྲིག་བྱས་པ།

ཡོང་ཁུངས། : ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།     སྤེལ་དུས། : 2019-07-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གློག་འཕྲིན་འབྱོར་གསལ། སྤྱི་ཟླ་7པའི་ཚེས་7ཉིན་ནས་བཟུང་བྱང་ཕྱོགས་སུ་ཆར་ཆུ་འབབ་ཚད་རིམ་བཞིན་ཆུང་དུ་འགྲོ་རྒྱུ་དང་། ལྷོ་ཕྱོགས་སུ་དྲག་ཆར་འབབ་རྒྱུ་ཡིན་པ་རེད། ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱི་དབུ་བཞུགས་སྔོན་བརྡ་གཏོང་མཁན་ཧོ་ལི་ཧྥུ་ཡིས་ངོ་སྤྲོད་གནང་བར། སྤྱི་ཟླ་7པའི་ཚེས་7ཉིན་གྱི་ཉིན་མོ། ཧྭ་བྱང་དང་། བྱང་ཤར། རྨ་ཆུ་དང་ཧོའེ་ཧོ་ཆུ་བོའི་རྒྱུག་ཁོངས་བཅས་སུ་རེས་འཁོར་འདིའི་གཏད་རྒྱུག་གནམ་གཤིས་བསྟན་ཚད་ཆུང་དུ་འགྲོ་རྒྱུ་ཡིན་པ་རེད། སྔོན་དཔག་བྱས་ན་ལྷོ་ཕྱོགས་ས་ཁུལ་དུ་ཆར་ཆུ་འབབ་ཚད་དེ་སྤྱི་ཚེས་7ཉིན་ནས་བཟུང་སླར་ཡང་ཤུགས་ཆེ་རུ་འགྲོ་རྒྱུ་དང་། ལྷོ་ཕྱོགས་ས་ཁུལ་དང་ལྷག་པར་དུ་ཀུའེ་ཀྲའུ་ནས་འབྲི་ཆུའི་དབུས་སྨད་རྒྱུད་ཀྱི་ས་ཁུལ་དེ་དག་ལ་རེས་འཁོར་གསར་པའི་དྲག་ཆར་འབབ་རྒྱུ་ཡིན་པ་རེད།

རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའི་གཞུང་ལས་ཁང་གིས་འབྲེལ་ཡོད་ཞིང་ལྗོངས་དང་གྲོང་ཁྱེར་གྱི་འབྲུབ་འགོག་ཐན་འགོག་བཀོད་འདོམས་པུའུ་ལ་བརྡ་ཐོ་བཏང་ནས། ཐེངས་འདིའི་དྲག་ཆར་ཆུ་ལོག་ལ་དོགས་ཟོན་དང་ཁ་གཏད་གཅོག་པའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་དགོས་པ་དང་། སྔོན་འགོག་གིས་གཙོ་བོ་བྱེད་པ་དང་། སྔོན་འགོག་དང་རོགས་སྐྱོབ་ཟུང་དུ་འབྲེལ་བ། རིམ་པ་བཞིན་འབྲུབ་འགོག་འགན་འཁྲི་ནན་པོ་སྤྲོད་པ། ནུས་ཤུགས་ཡོད་རྒུས་བཀོད་འདོམས་བཀོད་སྒྲིག་དང་ཚན་པ་མཉམ་འགུལ། ལྟ་སྐུལ་མཛུབ་ཁྲིད། ལྟ་ཞིབ་འགན་འཁྲི་བདའ་འདེད་སོགས་ལྷུ་ཚིགས་ཁག་གི་ལས་དོན་ལ་དམ་འཛིན་བྱེད་པ། ཆུ་བོ་འབྲིང་ཆུང་གི་ཆུ་ལོག་གནོད་འཚེ་འགོག་སྲུང་དང་རི་ཉིལ་བ་དང་། ས་རྡོ་བཤུད་པ། འདམ་རྡོའི་ཆུ་རུད། གྲོང་ཁྱེར་ནང་གི་འཁྱིལ་ཆུའི་གནོད་སྐྱོན་སོགས་ཀྱི་གནོད་འཚེ་དོགས་ཟོན་ལས་དོན་ལ་གཙོ་གནད་ཐོག་དམ་འཛིན་བྱེད་པ། ཉེན་སེལ་རོགས་སྐྱོབ་སྟོབས་ཤུགས་སྔོན་ནས་གྲ་སྒྲིག་བྱེད་པ། ཆུ་ལོག་གི་ཉེན་ཁ་ཆེ་བའི་ཁུལ་གྱི་མང་ཚོགས་སྔ་བསྣུར་དུ་སྤོ་འགྱུར་བྱེད་པ་བཅས་བྱས་ནས། ནུས་ཤུགས་གང་ཡོད་ཀྱིས་མི་སྣ་ཤི་རྨས་མི་ཡོང་བ་བྱ་རྒྱུ་དང་། འབད་བརྩོན་ཆེ་ཤོས་ཀྱི་ཐོག་ནས་ཆུ་ལོག་གནོད་འཚེའི་གྱོང་གུན་ཆུང་དུ་གཏོང་རྒྱུའི་བླང་བྱ་བཏོན་ཡོད་པ་རེད།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།