ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་མི་རིགས་ཞབས་བྲོའི་ཟློས་གར《ཐང་ག》ཞེས་པ་ཤང་ཀང་དུ་འཁྲབ་སྟོན་བྱས་ཏེ་ཤང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་22འཁོར་བར་རྟེན་འབྲེལ་ཞུས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-07-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཤིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་གཤིས་དང་། ཁྱད་མཚར་བའི་གར་སྟེགས་ཀྱི་ཇུས་འགོད། གསོན་ཉམས་ལྡན་པའི་ཞབས་བྲའི་སྟངས་སྟབས། ཡིད་དབང་འཕྲོག་པའི་བརྩེ་དུང་གི་གཏམ་རྒྱུད་ཁྲོད་ནས། ཤང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་འཁོར་22འཁོར་བར་རྟེན་འབྲེལ་ཞུ་བའི་མཚོ་སྔོན་མི་རིགས་ཞབས་བྲོའི་ཟློས་གར་ཆེན་མོ《ཐང་ག》ཞེས་པ་ཟླ་7པའི་ཚེས་2ཉིན་གྱི་དགུང་མོར་ཤང་ཀང་ཧྭོང་ཁེན་ལུས་རྩལ་ཁང་དུ་འཁྲབ་སྟོན་བྱས། 

ཞབས་བྲོའི་ཟློས་གར《ཐང་ག》ཞེས་པའི་ནང་ཐང་གའི་སྒྱུ་རྩལ་པས་ཚེ་སྲོག་ལ་བརྟེན་ནས་རི་མོ་འབྲི་བ་དང་། ལྷག་བསམ་རྣམ་དག་གིས་ཐང་གའི་རི་མོའི་སྒྱུ་རྩལ་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་གཏམ་རྒྱུད་ལ་སྦྱར་ནས་ཕོ་མོ་ཟུང་གི་ཐང་གར་བཟུང་བའི་བརྩེ་བ་བྲིས་ཏེ། བོད་ཀྱི་རིག་གནས་ལ་བཅངས་པའི་བརྩེ་སེམས་མཚོན་པར་བྱས་ཡོད། ཟློས་གར་ཧྲིལ་བོར་མི་རབས་གསུམ་གྱི་ངོ་མཚར་བའི་གཏམ་རྒྱུད་ལ་སྦྱར་ཞིང་། མི་རབས་གསུམ་པའི་ལྷ་བཟོ་དང་བུ་མོ་མེ་ཏོག་གཉིས་བར་གྱི་འགྱུར་མེད་གྱི་བརྩེ་བའི་གཏམ་རྒྱུད་བརྗོད་ཡོད།

 ཞབས་བྲོའི་ཟློས་གར《ཐང་ག》ཞེས་པ་དེས་ད་དུང་མཚོ་སྔོན་གྱི་དམངས་སྲོལ་དང་། རོལ་དབྱངས། ཞབས་བྲོ། འཛུགས་སྐྲུན། རི་མོ་སོགས་ཀྱི་ཁྱབ་ཁོངས་དང་འབྲེལ་ནས། སྒྱུ་རྩལ་གྱི་རྣམ་པའི་ཐོག་ནས་མཚོ་སྔོན་ས་ཆའི་ལོ་རྒྱུས་དང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་བརྩེ་སེམས་དང་དེ་བཞིན་མཚོ་སྔོན་མི་དམངས་ཀྱིས་དྭངས་གཙང་དང་འཆམ་མཐུན་གྱི་འཛམ་གླིང་ལ་རེ་སྙེག་ཚད་མེད་བྱེད་པ་ལྟད་མོ་བ་ཚོའི་མིག་མདུན་དུ་མངོན་པར་བྱས་ནས། ཤང་ཀང་གི་གྲོང་མིས་ཐང་གར་ངོས་འཛིན་དང་མཚོ་སྔོན་ལ་རྒྱུས་ལོན་ཤེས་རྟོགས་ཐུབ་པར་བྱས་ཡོད།

ཐང་ག་ནི་བོད་ཡིག་སྒྲ་སྒྱུར་ལས་བྱུང་བ་དང་། “སངས་རྒྱས་ཀྱི་ཐང་ག་”ཞེས་པའི་དོན་ཡིན་ཞིང་། བོད་བརྒྱུད་ནང་བསྟན་དང་། ལྷ་སྒྲུང་། ལོ་རྒྱུས། སྙན་ངག་སོགས་བརྗོད་བྱར་བྱས་ཏེ་གཏེར་རྒྱུ་སྣ་ཚོགས་ལས་གྲུབ་པ་དང་། ཚོན་མདངས་རྣམ་པར་བཀྲ་ཞིང་དུས་ཡུན་རིང་བོར་ཉར་ཆོག་པས་ཧ་ཅང་རྩ་ཆེ་བའི་གཟུགས་འདས་ཤུལ་བཞག་རིག་གནས་ཤིག་ཡིན། 

ད་ཐེངས་ཀྱི་འཁྲབ་སྟོན་དེ་ཤང་ཀང་ལས་རིགས་ཁག་གི་རྟེན་འབྲེལ་མཛད་སྒོའི་ཨུ་ཡོན་ལྷན་ཚོགས་དང་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་ཞིག་ཡིན་པ་དང་། དེ་ནི་ཤང་ཀང་མེ་རྒྱལ་གྱི་ཕང་དུ་ལོག་ནས་ལོ་22འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བའི་གྲས་ཀྱི་གཅིག་རེད། ཤང་ཀང་གི་གྲོང་མིར་མཚོ་སྔོན་གྱི་ངོ་མཚར་ཆེ་བའི་ལོ་རྒྱུས་དང་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་འགྲེམས་སྟོན་བྱ་ཆེད། ཉེ་ཆར་རྟེན་འབྲེལ་མཛད་སྒོའི་ཨུ་ཡོན་ལྷན་ཚོགས་ཀྱིས་ད་རུང“མཚོ་སྔོན་གྱི་ཐང་གའི་སྒྱུ་རྩལ་རྩེར་སོན་འགྲེམས་སྟོན”གྱི་བྱ་འགུལ་སྤེལ་བ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།