ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཅིག་པས་ཚན་ཆུང་མཉམ་འབྲེལ་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཅིག་པས་ཟླ་དྲུག་པའི་ཚེས་ཉེར་བརྒྱད་ཉིན་གྱི་སྔ་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚན་ཆུང་མཉམ་འབྲེལ་གྲོས་ཚོགས་བསྡུས་ནས། ཁེ་ལས་འབྲིང་ཆུང་གི་ཡར་སྐུལ་བཅའ་ཁྲིམས་ཀྱི་ཁྲིམས་འཛིན་ཞིབ་བཤེར་སྙན་ཞུ་ལ་གྲོས་ཞིབ་བྱེད་པར་དམིགས་ནས་ཆེད་དོན་འདྲི་གཅོད་སྤེལ། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་གྲོས་ཞིབ་དང་འདྲི་གཅོད་ལ་ཞུགས།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཝང་ཏུང་མེན་གྱིས་གྲོས་ཚོགས་ལ་འགོ་མཛིན་བྱས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་སྐོར་ཞིག་དང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། གྲོས་ཚོགས་ལ་ཟུར་ཞུགས་བྱས་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་བཅས་ཀྱིས་དམངས་གཉེར་ཁེ་ལས་དང་ཁེ་ལས་འབྲིང་ཆུང་འཕེལ་རྒྱས་སུ་གཏོང་བའི་ཁྲོད་ཐུག་པའི་དཀའ་ཁག་ཐག་གཅོད་པ་དང་། བྱེད་ཐབས་གང་དག་སྤྱད་དེ་ཁེ་ལས་འབྲིང་ཆུང་གིས་རང་བདག་གསར་གཏོད་དང་ཆེད་ལས་ཅན་གྱི་ནུས་པ་དང་ཆུ་ཚད་མཐོར་འདེགས་གཏོང་བར་རོགས་རམ་དང་རྒྱབ་སྐྱོར་བྱེད་པ། དབང་གཏོང་དོ་དམ་དང་ཞབས་ཞུའི་བཅོས་བསྒྱུར་ཁྲོད་ཀྱི་ཁེ་སྤོགས་ཅུང་བཟང་བའི་ལས་རིགས་ཚོང་རར་འཛུག་ཆོག་པའི་ཚད་གཞི་ཅུང་མཐོ་བ་སོགས་ཀྱི་གནད་དོན་ཐག་གཅོད་པ། ཕན་ཡོད་བྱེད་ཐབས་སྤྱད་དེ་མ་དངུལ་མཉམ་བསྲེས་བྱེད་དཀའ་བའི་དཀའ་གནད་ཐག་གཅོད་པ། སྲིད་གཞུང་བྱ་བའི་སྙན་ཞུའི་ནང་བཏོན་པའི་སྲིད་གཞུང་སྡེ་ཁག་དང་རྒྱལ་ཁབ་ཀྱི་ཁེ་ལས་ཆེ་རིགས་ཀྱིས་ཆད་ལྷག་བྱས་ཡོད་པའི་དམངས་གཉེར་ཁེ་ལས་དང་ཁེ་ལས་འབྲིང་ཆུང་གི་ཆད་དངུལ་མེད་པར་བཟོ་བའི་བྱ་བའི་དམིགས་འབེན་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་པ། ཁེ་ལས་འབྲིང་ཆུང་གི་ཡིད་རྟོན་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་སོགས་ལ་དམིགས་ནས་འདྲི་གཅོད་བྱས།

ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། ཁེ་ལས་འབྲིང་ཆུང་གི་སྐུལ་འདེད་བཅའ་ཁྲིམས་ཀྱི་ཁྲིམས་འཛིན་ཞིབ་བཤེར་སྙན་ཞུ་ཡིས་གནད་དོན་ཡང་དག་བཙལ་བ་དང་། རྒྱུ་རྐྱེན་ལ་དབྱེ་ཞིབ་ནན་མོ་བྱས་ཡོད་ལ། བཏོན་པའི་གྲོས་གཞི་ལ་ཁ་གཏད་རང་བཞིན་ལྡན་པ་དང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་གྲོས་ཞིབ་དང་འདྲི་གཅོད་བྱེད་སྐབས་ཀྱང་གྲོས་གཞི་དང་བསམ་ཚུལ་བཟང་བོ་མི་ཉུང་བ་བཏོན། ཐེངས་འདིའི་ཁྲིམས་འཛིན་ཞིབ་བཤེར་གྱི་གྲུབ་འབྲས་བཀོལ་སྤྱོད་དང་ལག་བསྟར་བཟང་བོ་བྱེད་པ་དང་། རྗེས་འདེད་ལྟ་སྐུལ་ལ་ཤུགས་སྣོན་པ། འབྲེལ་ཡོད་ཕྱོགས་ཀྱིས་བཅའ་ཁྲིམས་ལག་བསྟར་ནན་མོ་བྱེད་པར་སྐུལ་འདེད་བཏང་སྟེ། གནད་དོན་ཐག་གཅོད་པ་དང་བྱ་བ་ལེགས་བསྒྱུར་བྱེད་པར་ཤུགས་སྣོན་པ། ལམ་ལུགས་བྱེད་ཐབས་འཐུས་ཚང་དུ་གཏོང་དགོས་ཟེར།

རྩོམ་སྒྲིག་པ། : བསམ་ནོར།