ཀྲུང་གོ་བོད་ཀྱི་དྲ་བ།

འཕྲལ་སྡོམ་པུས་ཆུ་ལོག་སྔོན་འགོག་གི་ཉེན་སེལ་རོགས་སྐྱོབ་དང་གེགས་སེལ་ལས་དོན་བཀོད་སྒྲིག་བྱས་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-06-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  གསར་འགོད་པས་ཚེས16ཉིན་འཚོགས་པའི་ཆུ་ལོག་སྔོན་འགོག་གི་ཉེན་སེལ་རོགས་སྐྱོབ་བཀོད་གཏོང་གྲོས་མོལ་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཚེས16ཉིན་གྱི་ཆུ་ཚོད10བར་དྲག་ཆར་དང་ཞོད་སྐྱོན་གྱི་གནོད་འཚེས་ཀྲེ་ཅང་དང་། ཧྥུའུ་ཅན། ཅང་ཤིས། ཧུའུ་ནན། ཀོང་ཏུང་། ཀོང་ཤིས། ཁྲུང་ཆིང་། ཀུའེ་ཀྲོའུ་བཅས་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)8ཀྱི་གྲོང་ཁྱེར(ཀྲོའུ)54 དང་། རྫོང(གྲོང་ཁྱེར་དང་ཆུས)313གྱི་མི་ཁྲི614ལ་གནོད་འཚེ་ཕོག་ཅིང་། མི88རྐྱེན་ལམ་དུ་ཤོར་བ་དང་། མི17གར་སོང་ཆ་མེད་དུ་གྱུར་པ། མི་ཁྲི38.8ཛ་དྲག་ངང་གནས་སྤོ་བྱེད་པ། མི་ཁྲི17.3ལ་ཛ་དྲག་གི་འཚོ་བའི་རོགས་སྐྱོབ་བྱས་ཡོད། ཁང་པ་ཁྲི1.7ལོག་པ་དང་ཁང་པ་ཁྲི8.2ལ་ཚད་གཞི་མི་འདྲ་བའི་གནོད་འཚེ་ཕོག་ཡོད། ཞིང་ལས་ལོ་ཏོག་ལ་གནོད་འཚེ་ཕོག་ཁྱོན་སྤྱི་ཆིང་སྟོང428.7ཟིན་པའི་ནང་སྤྱི་ཆིང་སྟོང59.1ལག་ཏུ་ལེན་ཐབས་བྲལ་བས་ཐད་ཀར་དཔལ་འབྱོར་གྱོང་གུན་སྒོར་དུང་ཕྱུར་201.3ཕོག་ཡོད།

ཚོགས་འདུ་དེ་རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་གཞོན་པ་འཕྲལ་སྡོམ་དོ་དམ་པུའི་ཏང་ཙུའི་ཧྲུའུ་ཅི་ཧོང་མིང་གིས་གཙོ་སྐྱོང་གནང་ཞིང་། ཆུ་བེད་པུའུ་དང་། ཀྲུང་གོ་གནམ་གཤིས་ཅུས། ཨན་ནེང་ཀུང་སི་སོགས་ཚན་པའི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་མིག་སྔའི་ཆར་ཞོད་དང་ཆུ་སྐྱོན་གྱི་གནོད་འཚེ། གེགས་བར་གྱི་གནས་ཚུལ་བཅས་ལ་དབྱེ་ཞིབ་བརྡར་གཅོད་བྱས་ཡོད་པ་རེད།

ཚོགས་འདུའི་ཐོག་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་འགན་ལེན་གྱི་དམིགས་ཚད་བརྟན་པོ་ཡོང་བ་བྱེད་དགོས་ཤིང་། ས་གནས་ཁག་གིས་ཉེན་ཟོན་བྱེད་ཐབས་དང་། གནས་སྤོའི་ལམ་ཐིག གེགས་གཡོལ་ས་གནས་སོགས་ཚགས་ཚུད་ཡོང་བ་བྱས་ནས། གྲོང་ཚོ་དང་། དུད་ཚང་། མི་བཅས་རེ་རེ་བཞིན་ལ་དོན་ཐོག་ཏུ་འཁྱོལ་ཐུབ་པ་བྱས་ཁར། གཞིས་ལུས་རྒན་རྒོན་དང་བྱིས་པ་སོགས་དམིགས་བསལ་ཚོགས་སྤྱིར་ཉེན་གཡོལ་གནས་སྤོའི་བྱ་ཐབས་འཐུས་ཚང་ཡོད་པའི་སྒོ་ནས་ཉེན་གཡོལ་གནས་སྤོའི་དུད་ཚང་གཅིག་དང་མི་གཅིག་ཀྱང་མི་ལུས་པའི་འགན་ལེན་བྱེད་དགོས། གནས་སྤོ་བྱས་རྗེས་ཀྱི་བདེ་འཇགས་དོ་དམ་ལ་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་བཏོན་ཡོད།

རིམ་ཁག་འབྲུབ་འགོག་ཐན་འགོག་བཀོད་འདོམས་པུས་སྤྱི་འདོམས་མཐུན་སྦྱོར་དང་། ལས་བགོས་ཁ་གསལ། མཉམ་སྒྲུབ་དམ་ཟབ། མཉམ་ཤུགས་ཆགས་པ་བཅས་ལ་ཤུགས་སྣོན་རྒྱག་དགོས་པ་དང་། ཆུ་བེད་སྡེ་ཚན་གྱིས་གཙང་པོ་དང་ཆུ་བོའི་ཆུ་ལོག་སྔོན་འགོག་དང་། ཉེན་ཡོད་ཆུ་མཛོད། ཆུ་ཁ་མཐོ་དམན་གྱི་ལྟ་ཞིབ་ཚད་ལེན་སྔོན་བརྡ། ཆུ་ལོག་གི་གནོད་འཚེ་སྔོན་འགོག ཆུ་བེད་ལས་གྲྭའི་བཀོད་གཏོང་སོགས་ཀྱི་བྱ་ཐབས་ནུས་ལྡན་ལ་ཤུགས་སྣོན་རྒྱག་དགོས། འཕྲལ་སྡོམ་དོ་དམ་སྡེ་ཚན་གྱིས་ཉེན་སེལ་མྱུར་སྐྱོབ་དང་གེགས་སེལ་གྱི་གྲ་སྒྲིག་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས་པ་དང་། རང་བྱུང་ཐོན་ཁུངས་སྡེ་ཚན་གྱིས་རི་ཉིལ་བ་དང་འདམ་རྡོའི་ཆུ་རུད་སོགས་ཀྱི་གནོད་འཚེའི་སྔོན་བརྡར་ཤུགས་སྣོན་བརྒྱབ་ནས་སྔོན་འགོག་གི་བྱ་ཐབས་སྔོན་དུ་སྤྱོད་དགོས་པ། སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་སྡེ་ཚན་གྱིས་ཉེན་ཡོད་ཁང་པར་གྲལ་བཤེར་དང་ཉེན་ཁ་སེལ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ཁང་པ་ལོག་ནས་མི་སྣ་ཤི་རྨས་ཡོང་རྒྱུ་ཉུང་དུ་ཏན་ཏིག་གཏོང་དགོས་པ། འགྲིམ་འགྲུལ་སྡེ་ཚན་གྱིས་ཟམ་པ་དང་། ཕུག་ལམ། ལམ་འོག་གི་ཆུ་འགྲོ་སོགས་ཀྱི་ལྟ་ཞིབ་ཚད་ལེན་སྔོན་བརྡར་ཤུགས་སྣོན་བརྒྱབ་ནས་འགྲིམ་འགྲུལ་ལྟ་འདོམས་ཀྱི་བྱ་ཐབས་སྔོན་དུ་སྤྱོད་དགོས་པ། གློག་ཤུགས་དང་གྲོང་ཁྱེར་འཛུགས་སྐྲུན་སོགས་སྡེ་ཚན་གྱིས་གྲོང་ཁྱེར་གྱི་ཆུ་ལོག་སྔོན་འགོག་དང་འབྲུབ་ཆུ་གཤོང་བའི་སྔོན་ཇུས་དང་མཉམ་དུ་སྔོན་འགོག་དང་ཚོད་འཛིན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་གྲོང་ཁྱེར་རྒྱུན་གཏན་བཞིན་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས།

ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་དང་། རྒྱལ་ཁབ་གནོད་འཚེ་ཉུང་གཏོང་ཨུ་ལྷན། འཕྲལ་སྡོམ་དོ་དམ་པུའུ་བཅས་ཀྱིས་ལས་དོན་ཚོགས་ཆུང5ཀོང་ཏུང་དང་། ཀོང་ཤིས། ཀུའེ་ཀྲོའུ། ཧྥུའུ་ཅན། ཡོན་ནན་བཅས་ཞིང་ཆེན(རང་སྐྱོང་ལྗོངས)5ཡི་འཐབ་ས་དང་པོར་མངགས་ཏེ་ས་གནས་ཀྱི་ཆུ་ལོག་སྔོན་འགོག་གི་ཉེན་སེལ་རོགས་སྐྱོབ་དང་གེགས་སེལ་ལས་དོན་ཡག་པོ་བསྒྲུབ་རྒྱུར་འཛུབ་ཁྲིད་བྱེད་རོགས་བྱས་ཡོད། རྒྱལ་ཁབ་གནོད་འཚེ་ཉུང་གཏོང་ཨུ་ལྷན་དང་འཕྲལ་སྡོམ་དོ་དམ་པུས་ཀོང་ཤིས་དང་། ཅང་ཤིས། ཀོང་ཏུང་སོགས་ཞིང་ཆེན(རང་སྐྱོང་ལྗོངས)ལ་དམིགས་ནས་རྒྱལ་ཁབ་ཀྱིIVརིམ་པའི་གེགས་སེལ་འཕྲལ་སྡོམ་དང་ལེན་གྱི་ལས་དོན་སྔ་རྗེས་སུ་ཐེངས་གསུམ་སྤེལ་ཡོད། ཟླ5ཚེས26ཉིན་ནས་ཟླ6ཚེས16ཉིན་གྱི་ཆུ་ཚོད8པ་བར་རྒྱལ་ཡོངས་ཀྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་གིས་ཆུ་ལོག་སྔོན་འགོག་གི་ཉེན་སེལ་རོགས་སྐྱོབ་ནང་ཐེངས900ལྷག་ཙམ་ནང་ཞུགས་པར། འཐབ་འཛིང་པ་མི་ཐེངས9400ལྷག་ཙམ་དང་དམག་གྲུ1100ལྷག་ཙམ་བཏང་ནས་ཉེན་གྱར་མི་སྣ5060བསྐྱབས་པ་དང་། ཉེན་གྱར་མང་ཚོགས14542ཁ་བཀྲམ་པ། སྒོར་དུང་ཕྱུར11.66རི་བའི་ཅ་དངོས་མྱུར་སྐྱོབ་བྱས་པ། སྒོར་དུང་ཕྱུར11.91རི་བའི་ཅ་དངོས་སྲུང་སྐྱོང་བཅས་བྱས་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།