ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ཀྲུང་དབྱང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ལས་དོན་གྱི་གཏན་འབེབས》བཀྲམ་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-06-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ཀྲུང་དབྱང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ལས་དོན་གྱི་གཏན་འབེབས》(གཤམ་དུ《ལས་དོན་གྱི་གཏན་འབེབས》ཞེས་བསྡུ་རྒྱུ)བཀྲམ་པ་དང་། 《ལས་དོན་གྱི་གཏན་འབེབས》འདི2019ལོའི་ཟླ6ཚེས6ཉིན་ནས་བཟུང་ལག་བསྟར་བྱས་པ་དང་། གཏན་འབེབས་དེར་ཁྱོན་ལེའུ6དང་དོན་ཚན42ཡོད་པ་རེད།

《ལས་དོན་གྱི་གཏན་འབེབས》ནང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ལས་དོན་ཚད་ལྡན་དུ་གཏོང་བ་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་ནན་དུ་གཏོང་བ། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་བསྐྲུན་ཆེད། 《ཕྱོགས་ཡོངས་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་མཐའ་གཅིག་ཏུ་ཡག་པོ་རྒྱག་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས》སོགས་ཀྱི་བླང་བྱ་གཞིར་བཟུང་གཏན་འབེབས་འདི་བཟོས་ཡོད་ཅེས་བསྟན་ཡོད།

《ལས་དོན་གྱི་གཏན་འབེབས》ནང་། ཀྲུང་དབྱང་གིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ལམ་ལུགས་ལག་བསྟར་བྱས་ཏེ་ཆེད་བསྐོས་ལྟ་བཤེར་ལས་ཁུངས་བཙུགས་ནས་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་ཏང་ཨུད་དང་སྲིད་གཞུང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཚན་དང་དེ་བཞིན་འབྲེལ་ཡོད་ཀྲུང་དབྱང་ཁེ་ལས་སོགས་སུ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ལས་དོན་སྤེལ་དགོས་པ་དང་། ཀྲུང་དབྱང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ནང་འཆར་ཅན་གྱི་ལྟ་བཤེར་དང་། ཆེད་དོན་ལྟ་བཤེར། “ཕྱིར་མིག་ལྟ་བ”སོགས་ཚུད་ཡོད་པ་དང་། རྩ་དོན་ཐོག་སྐབས་ཚང་མའི་ཏང་གི་ཀྲུང་དབྱང་ཨུ་ལྷན་གྱི་འགན་ཡུན་ནང་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་ཏང་ཨུད་དང་སྲིད་གཞུང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཚན། དེ་བཞིན་ཀྲུང་དབྱང་ཁེ་ལས་བཅས་སུ་འཆར་ཅན་ལྟ་བཤེར་ལས་དོན་སྤེལ་དགོས་པ་དང་། དགོས་མཁོ་གཞིར་བཟུང་ལྟ་བཤེར་དག་ཐེར་གནས་ཚུལ་ལ“ཕྱིར་མིག་ལྟ་བའི”ལས་དོན་སྤེལ་དགོས་པ། སྣོད་བཅུད་ཁོར་ཡུག་གི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས་གནས་ཚུལ་ལ་གཞིགས་ཏེ་ཆེད་དོན་ལྟ་བཤེར་ལས་དོན་སྤེལ་དགོས་པ། ཀྲུང་དབྱང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ལས་དོན་ཐད་འཆར་གཞི་འཆར་འགོད་ཀྱི་དོ་དམ་ལག་བསྟར་བྱེད་དགོས་པ། ལོ་ལྔའི་ལས་དོན་འཆར་འགོད་ལ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་རྗེས་ལག་བསྟར་བྱེད་དགོས་པ། ལོ་འཁོར་གྱི་ལས་དོན་འཆར་གཞིའི་ནང་ལོ་དེ་རང་གི་ལྟ་བཤེར་ལས་དོན་གྱི་བཀོད་སྒྲིག་ཞིབ་ཕྲ་ཁ་གསལ་བཟོས་ནས་ལོ་ལྔའི་འཆར་འགོད་ལས་འགན་དོན་ཐོག་ཏུ་འཁྱོལ་རྒྱུ་འགན་ལེན་བྱེད་དགོས་པ་བཅས་བཏོན་ཡོད།

《ལས་དོན་གྱི་གཏན་འབེབས》ནང་ཀྲུང་དབྱང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་ཀྲུང་དབྱང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ལས་དོན་སྒྲིག་འཛུགས་དང་། མཐུན་སྦྱོར། སྐུལ་འདེད་བཅས་ཀྱི་འགན་འཁུར་དགོས་པ་དང་། འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་དང་ཙུའུ་ཀྲང་གཞོན་པ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཞིབ་འཇུག་བྱས་ནས་གཏན་འཁེལ་བྱེད་དགོས་པ། གྲུབ་ཆའི་སྡེ་ཚན་ནང་ཀྲུང་དབྱང་གཞུང་དོན་ཐིང་དང་། ཀྲུང་དབྱང་རྩ་འཛུགས་པུའུ། ཀྲུང་དབྱང་དྲིལ་བསྒྲགས་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་། ཁྲིམས་འཛིན་པུའུ། སྣོད་བཅུད་ཁོར་ཡུག་པུའུ། རྩིས་བཤེར་ཧྲུའུ། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་སོགས་ཚུད་ཡོད་པ་དང་། ཀྲུང་དབྱང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གཞུང་ལས་ཁང་སྣོད་བཅུད་ཁོར་ཡུག་པུའུ་རུ་བཙུགས་ཡོད་པ་དང་ཀྲུང་དབྱང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་རྒྱུན་གཏན་ལས་དོན་གྱི་འགན་འཁུར་དགོས་པ་མ་ཟད། ཀྲུང་དབྱང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱིས་ཞིབ་ཕྲ་སྒྲིག་འཛུགས་ལག་བསྟར་ལས་དོན་གྱི་འགན་འཁུར་དགོས་པ་བཅས་བསྟན་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།