ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕེན་གྱིས་ཅི་ཨར་ཅི་སི་སི་ཐན་གྱི་ཙུང་ཐུང་རེ་ཨེན་པེ་ཁོའོ་ཧྥུ་ཡིས“མཱ་ན་སི”རིམ་པ་དང་པོའི་བྱས་རྗེས་གཟེངས་རྟགས་སྤྲད་པ་དང་ལེན་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2019-06-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཤིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་འབྱོར་གསལ། ཚེས་13ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་པི་ཧྲི་ཁའེ་ཁེར་གྱི་མཛད་སྒོར་ཕེབས་ནས་ཅི་ཨར་ཅི་སི་སི་ཐན་གྱི་ཙུང་ཐུང་རེ་ཨེན་པེ་ཁོའོ་ཧྥུ་ཡིས“མཱ་ན་སི”རིམ་པ་དང་པོའི་བྱས་རྗེས་གཟེངས་རྟགས་གནང་བ་དང་ལེན་གནང་བ་རེད།

བྱས་རྗེས་གཟེངས་རྟགས་སྤྲོད་པའི་མཛད་སྒོ་ཨ་ལར་རྒྱལ་ཁབ་མགྲོན་ཁང་དུ་འཚོགས་པ་དང་། ལས་བྱེད་པས་ཙུང་ཐུང་གི་བཀའ་རྒྱ་སྒྲོག་རྗེས། རེ་ཨེན་པེ་ཁོའོ་ཧྥུ་ཡིས་ཞི་ཅིན་ཕེན་ལ“མཱ་ན་སི”རིམ་པ་དང་པོའི་བྱས་རྗེས་གཟེངས་རྟགས་གནང་བ་རེད། “མཱ་ན་སིའི”བྱས་རྗེས་གཟེངས་རྟགས་ནི་ཅི་ཨར་ཅི་སི་སི་ཐན་རྒྱལ་ཁབ་ཀྱི་གཟེངས་རྟགས་ཆེས་མཐོ་ཤོས་དེ་ཡིན་པ་དང་“མཱ་ན་སིའི”བྱས་རྗེས་གཟེངས་རྟགས་ལ་རིམ་པ་གསུམ་ཡོད་པ་དང་རིམ་པ་དང་པོ་ནི་རིམ་པ་ཆེས་མཐོ་ཤོས་དེ་རེད།

 1560825652795564.jpg

རེ་ཨེན་པེ་ཁོའོ་ཧྥུ་ཡིས་ཞི་ཅིན་ཕེན་གྱིས་ཀྲུང་ཅི་བར་ལ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དམིགས་བསལ་གྱི་ལག་རྗེས་ཕུལ་བར་ཁོང་གིས་ཆུ་འཐུང་དུས་ཆུ་ཁུངས་དྲན་པ་བཞིན་སྐུ་དྲིན་ཆེ་ཞུས་ཤིང་། ཅི་ཨར་ཅི་སི་སི་ཐན་གྱིས་ཀྲུང་གོས་དུས་ཡུན་རིང་པོའི་ནང་རྩ་ཆེའི་རྒྱབ་སྐྱོར་དང་རོགས་རམ་གནང་བ་ནམ་ཡང་བརྗེད་མི་སྲིད་ལ། ཀྲུའུ་ཞི་ཞི་ཅིན་ཕེན་ད་ཐེངས་འཚམས་འདྲིར་ཕེབས་པ་དེས་ཀྲུང་ཅི་འབྲེལ་བའི་ལེའུ་གསར་པ་ཞིག་གི་འགོ་བརྩམས་པར་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།

ཞི་ཅིན་ཕེན་གྱིས་ཙུང་ཐུང་རེ་ཨེན་པེ་ཁོའོ་ཧྥུ་ཡིས་ང་ལ“མྰ་ན་སི”རིམ་པ་དང་པོའི་བྱས་རྗེས་གཟེངས་རྟགས་གནང་བ་དེའི་ཐོག་ནས་ཅི་ཨར་ཅི་སི་སི་ཐན་མི་དམངས་ཀྱིས་ཀྲུང་གོའི་མི་དམངས་ལ་བཅངས་པའི་བརྩེ་བ་ཟབ་མོ་མཚོན་ཡོད་ལ་ངས་དེར་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། ངས་ཙུང་ཐུང་རེ་ཨེན་པེ་ཁོ་ཧྥུ་དང་ལག་གདང་སྦྲེལ་ནས་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་གྲོགས་ཇེ་ཟབ་ཏུ་བཏང་ནས་ཀྲུང་ཅི་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་བསྐྲུན་རྒྱུར་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་དེ་བས་མང་པོ་བསྐྲུན་འདོད་ཡོད་ཅེས་གསུངས་པ་རེད།

ཏིང་ཞུའེ་ཞང་དང་། དབྱང་ཅེ་ཁྲེ། དབང་དབྱི། ཧོ་ལི་ཧྥུང་སོགས་འཚམས་འདྲིར་ཞུགས་ཡོད་པ་རེད། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།